༼རྗེས་དྲན་ཞུ་ན་ཞུ་རིན་ཡོད༽

33627725014_0bf0ee842d_bརྗེས་དྲན་ཞུ་ན་ཞུ་རིན་ཡོད།

སྤྱིར་བཏང་འཛམ་གླིང་རྒྱལ་ཁབ་གང་དུའང། བྱས་རྗེས་ཧ་ཅང་ཆེ་བའི་མི་བོ་ཆེ་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་ནི་ཡ་རབས་བཟང་སྤྱོད་དུ་རྩིས་བ་དང་། ཆོས་ཕྱོགས་ནས་བཤད་ན། རྗེས་དྲན་དྲུག་ཟེར་བ་དང་། མར་ཤེས། དྲིན་དྲན། དྲིན་བཟོ་སོགས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ལམ་ལ་སློབ་ཚུལ་མང་བས། གང་གི་ཐོག་ནས་བཤད་ནའང་རྗེས་དྲན་ནི་གལ་འགངས་ཆེ་བ་ཞིག་ཡིན། དེར་བརྟན་ (༣) པའི་ (༡༠) འི་ཉིན་མོ་ནི། བློ་གཟུ་བོར་གནས་པའི་ཐོག དངོས་པའི་གནས་ཚུལ་ལ་གཞི་བཅོལ། ཚད་ལྡན་གྱི་ལོ་རྒྱུས་ལ་ཁུངས་གཏུགས་ནས་བཤད་ན། ཆོས་ལུགས་དང་ཕྱོགས་ཁག་དེ་བཞིན་རིགས་དང་རུས་གང་ཡང་རུང་། མདོར་ན་གཟི་བརྗིད་རབ་ཏུ་འབར་བའི་དཔལ་ལྡན་འབྲུག་པའི་མིང་བྱང་སྙན་མོ་འདིའི་འོག་ལ་འཚོ་གནས་བྱེད་པ་ཞིག་ཡིན་ཕྱིན་ཆད་ (༣ / ༡༠) ཉི་མོ་དེ་ནི་མི་རབས་ནས་མི་རབས་བརྒྱུད་རྩ་ཆེ་བའི་དུས་ཆེན་ཞིག་ཏུ་རྩིས་བཀུར་བྱེད་དགོས་པ་ཞིག་དང་། རྗེས་དྲན་ཞུ་འོས་པ་ཞིག་ཡིན། དེ་ཡང་མི་ལོ་བཞི་བརྒྱའི་ཡར་སྔོན་རང་ཅག་རྣམས་ཀྱི་ས་ཁོངས་དེར། ལྷོ་མོན་ཁ་བཞི་ཟེར་བ་དང་། མཐའ་འཁོབ་མོན་ཀྱི་ཡུལ་ཟེར་བ་སོགས་མི་སྙན་པའི་མིང་འདོགས་སྣ་ཚོགས་པ་ཞིག་གི་འོག་ལ་འཚོ་གནས་བྱས་ཡོད་པ་དང་། དེ་དུས་བཀའ་རྙིང་གི་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་བྱིན་གྱིས་རླབས་པ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ཀྱང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་རྐྱང་པ་མ་གཏོགས་འབྲུག་གོང་བུ་གཅིག་ཏུ་དྲིལ་བའི་ལུགས་གཉིས་ཀྱི་སྲོལ་བཟང་བཙུགས་ནས་རྒྱལ་ཁབ་འཛིན་སྐྱོང་གི་ཕྱག་འགན་བཞེས་པའི་ལོ་རྒྱུས་གཅིག་ཡང་མེད། དེས་ན་དཔལ་ལྡན་འབྲུག་པ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ༧ངག་དབང་རྣམ་རྒྱལ་ཕྱོགས་མཆོག གངས་ཅན་ཆོས་ཀྱི་ཞིང་ས་གདན་ས་ཆེན་པོ་ར་ལུང་ནས་ (༡༦༡༦) ཆིབས་ཁ་ལྷོ་མོན་ཁ་བཞིའི་ཡུལ་དུ་བསྒྱུར་བ་ནས་བཟུང་ས་གནས་འདིར་བཀྲ་ཤིས་པའི་གནས་ཚུལ་ཅི་ཡང་འབྱུང་བའི་འབྱུང་འགོ་བཙུགས་ཡོད་པ་དང་། ལྷག་པར་དེ་སྔོན་ས་ཁོངས་དེར་ཁ་བདེ་མགོ་བདེ་རྣམས་ཀྱིས་སྟོབས་ཤུགས་ཀྱིས་གོ་གནས་ཟིན་པ་སོགས་གྲལ་རིམ་ཀྱི་འཐབ་རྩོད་དང་། ནང་གི་འཁྲུག་པ་སོགས་མེད་པར་བཟོས། མི་སེར་ལ་མི་ཕན་ཞིང་གནོད་ཚབ་ཆེ་བའི་མི་ཆེན་དཔོན་ཆེན་གྱིས་སྲིད་དབང་སྒེར་སྤྱོད་ཀྱི་རིང་ལུགས་གཏོར་བཤིག་བཏང་། མདོར་ན་ལྷོ་ཁྲིམས་མེད་ལ་ཁྲིམས་དང་། རྫ་ལུང་མེད་ལ་ལུང་ཟེར་བ་དང་། ཆོས་ཁྲིམས་དར་གྱི་མདུད་པ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཙུགས་ཡོད། ཅེས་དུས་དེང་སང་ཡང་ཡུལ་དེར་རླུང་ལྟར་གྲགས་པ་ལྟར། འབྲུག་ཡོངས་རྫོགས་གོ་བུ་གཅིག་ཏུ་དྲིལ་བའི་ཁྲིམས་ཀྱི་འོག་ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་བཟང་གསར་དུ་གཏོད་ནས་རྒྱལ་ཁབ་ཀྱི་འཛིན་སྐྱོང་གི་ཕྱག་ལས་རྒྱུན་བབརྟན་པོར་བཟོས་པ་སོགས་རླབས་ཆེན་གྱི་མཛད་རྗེས་དང་། ལྷག་པར་རང་ཅག་ཀྱི་ཡུལ་ལ་འབྲུག་ཡུལ། མི་ལ་འབྲུག་པ་ཞེས་མཚན་སྙན་པའི་བ་དན་གསར་པ་ཕྱོགས་ཀུན་ཏུ་འཕྱར་བར་མཛད་པས། དེང་སང་ཡིན་ནའང་འཛམ་གླིང་སྡིངས་ཆའི་སྟེང་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་ཐོག ང་འབྲུག་པ་ཡིན་ཞེས་སྤོབས་པ་དང་བཅས་པའི་ངོ་སྤྲོད་རྒྱག་རྒྱུ་ཡོད་པར་བཟོས་གནང་བ་སོགས། འབྲུག་པའི་མིང་བྱང་འཛིན་པ་ཞིག་ཡིན་ཕྱིན་ཆད་༧ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གི་ཆོས་དང་འཇིག་རྟེན་གང་རུང་གི་ཐུགས་རྗེས་བཀའ་དྲིན་གྱིས་མ་ཁྱབ་པ་གཅིག་རྩ་བ་ནས་མེད་དོ། །དེས་ན་རྗེས་དྲ་ཞུ་ན་ཞུ་རིང་ཡོད། །
ཨ་མའི་གཅེས་ཕྲུག་གིས་བྲིས་ཏེ་ཕུལ།

Comments
Updated: April 25, 2018 — 9:54 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.