དགེ་འདུན་གྲྭ་ཚང་ལྟེ་བ།


སྤུངས་ཐང་ཁ་རྫོང་།

20160122_112107ལྷ་དང་བླ་མས་ལུང་བསྟན། ཆུ་གཉིས་བར་དུ་འབྲུག་པའི་སྲོག་རྫོང་ཆགས། །ཞེས་པ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས། བོད་ཁ་བ་ཅན་གྱི་ལྷོ་ཕྱོགས། ལྷོ་ལྗོངས་སུ་མིང་ཆགས་པའི་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཀྱི་དབུས་གྱུར་འཆང་མིང་དུ་སྤུངས་ཐང་ཁ་ཟེར་བའི་གནས་འདི་ནི་སྔོན་འཇིག་རྟེན་ཆགས་པའི་དུས་སྐབས་ཉིད་ནས་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཞིང་ཁམས་དངོས་སུ་གྲུབ་ཟིན་པ་མ་ཚད་ཚུར་མཐོང་བློའི་སྤྱོད་ཡུལ་དུའང་། ནམ་མཁའི་མཐོངས་ཤིན་ཏུ་ཡངས་ཤིང་བཀྲ་ཤིས་པའི་མཚན་རྟགས་དང་ལྡན་པ། གཡས་གཡོན་ནས་ཕོ་ཆུ་མོ་ཆུ་དྭངས་ཤིང་བསིལ་བའི་ཆུ་རྒྱུན་ལྷུང་ལྷུང་དུ་བབ་པས་ཡང་དག་པའི་ལམ་ལ་ཞུགས་པའི་སྐྱོ་སངས་དང་ཡིད་དགའི་འཁྲི་ཤིང་ཉིད་དུ་གྱུར་པ། འདབ་གཞོལ་རྣམས་སུ་ཙན་དན་གྱི་དྲི་བཟང་དུས་ཀུན་ཏུ་འཐུལ་བ་སོགས་ཞིང་ཁམས་ཀྱི་མཚན་ཉིད་དང་ལྡན་པའི་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་ནི། དཔལ་འབྲུག་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བ་དཔལ་བཟང་པོའི་ཞབས་ཀྱིས་སྤྱི་ལོ ༡༦༣༧ དང་རང་ལུགས་སྟོན་པའི་འདས་ལོ ༢༦༩༤ རབ་བྱུང ༡༡ པའི་མེ་མོ་གླང་ལོ་ཟླ ༨ པའི་ཚེས ༨ ལ་རི་བོ་གླང་ཆེན་རྣམ་པ་འགྱིང་བ་དང་འདྲ་བའི་སྣ་སྟེང་དུ་གཟའ་སྐར་དགེ་བའི་ཉི་མར་ཡོངས་རྫོགས་བསྟན་པའི་མངའ་བདག་བླ་མ་རིན་པོ་ཆེའི་་་དབུ་སྣ་འདྲེན་ཏེ་སྤྲུལ་པའི་བཟོ་བོ་བ་ལིང་པ་དང་གཞན་དངོས་ཅན་མི་དང་དངོས་མེད་ཀྱི་གཞི་བདག་སོགས་འུར་གྱི་རུབ་ནས་ལོ་ངོ་ཕྱེད་དང་གཉིས་ལ་གེགས་མེད་ལེགས་པར་བསྒྲུབས་པའི་གདན་ས་མཐོང་ན་མི་མཐུན་པ་མེད་པ་འདི་ནི། ད་ལྟ་ཆོས་རྗེ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་སྒལ་ཚིགས་གཞུང་ལས་བྱོན་པའི་སྤྱན་རས་གཟིགས་རང་བྱུང་ཁ་སར་པ་ནི་དང་སྡོམ་བཙན་སྡེ་སྣོད་འཛིན་པའི་རྒྱལ་པོ་མཐུ་ཆེན་བླ་མ་རིན་པོ་ཆེ་ངག་དབང་རྣམ་པར་རྒྱལ་བའི་སྐུ་དམར་གདུང་ཆེན་མོ་ལོ་ངོ ༣༦༤ སོང་བ། ཆོས་རྗེ་པདྨ་གླིང་པའི་སྐུ་གདུང་ཆེན་མོས་གཙོས་པའི་ནང་རྟེན་ཡ་མཚན་ཞིང་བྱིན་རླབས་ཆེ་བ་མང་པོ་ཞིག་དང་། དགེ་འདུན་འདུས་པ་ཡོངས་ཀྱི་གཙུག་མགོན་དྲུག་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རྣམ་རོལ་སྐྱབས་མགོན་རྗེ་མཁན་རིན་པོ་ཆེ་དང་ རྒྱལ་བ་རིགས་ལྔའི་རྣམ་སྤྲུལ་སློབ་དཔོན་ཆེན་པོ་རྣམ་པ་ལྔ། བསྟན་པའི་གཞི་མ་འཕགས་པའི་དགེ་འདུན་པ ༣༡༢༦ ལྷག་པ་ཙམ་གྱི་བཞུགས་གནས་དང་། གཞན་ཡང་ལུགས་གཉིས་ཆབ་སྲིད་སྐྱོང་བའི་སྤུངས་ཐང་ཁ་རྫོང་ཁག་གི་ལས་སྣ་གི་ཡིག་ཚང་རྣམས་ཡོད་དོ།།

ཐིམ་ཕུག་རྫོང་།

Tashichho-Dzong-Fortress

གཞུང་གྲྭ་ཚང་ལྟེ་བའི་དབྱར་གྱི་བཞུགས་གནས་དང་། རྒྱལ་ས་ལྟེ་བ་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་དེ། སྔོན་ཞབས་དྲུང་རིན་པོ་ཆེ་ཁ་བཞི་སྨན་ལྗོངས་འདི་ནང་དགྲ་བླ་མ་ཁག་ལྔའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་བླ་མ་ལྷ་པའི་གདན་ས་ཐིམ་གཞུང་རྡོ་སྔོན་རྫོང་བླ་མ་རིན་པོ་ཆེའི་ཕྱག་ཏུ་འབྱོར་པ་ལས། དགེ་འདུན་སྲིད་གཞུང་རྣམ་གཉིས་ནམ་ཟླ་དབྱར་ཁའི་བཞུགས་གནས་ཆེད་དུ་སྤྱི་ལོ ༡༦༤༡ ལོར་བཞེངས་ཡོད་ཀྱང་། ལན་ཐེང་གཉིས་སུ་མེ་མཆོད་བཞེས་པའི་རྐྱེན་གྱིས་སྡེ་སྲིད་ཁྲི་རབས ༡༦ པ་གཞི་དར་དང་ རྗེ་མཁན་ཁྲི་རབས ༡༣ པ་ཡོན་ཏན་མཐའ་ཡས་གཉིས་ཀྱིས་ད་ལྟའི་ས་གནས་བཀྲིས་ཆོས་རྫོང་དུ་གྲགས་པ་འདིར་སྤོ་ཤུགས་མཛད་དེ། དུས་རབས ༡༨པའི་སྤྱི་ལོ ༡༧༧༡ ལུ་རྨང་གཞི་བཏིང་སྟེ་ལེགས་པར་བསྒྲུབས། ཕྱིས་སུ་སྤྱི་ལོ ༡༩༦༡ ལོར་མི་དབང་ཞིང་གཤེགས་དམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་རྫོང་རྒྱ་བསྐྱེད་དང་ཉམས་གསོ་ཞུས་ཏེ། ད་ལྟ་མི་དབང་མངའ་བདག་རིན་པོ་ཆེའི་གསེར་ཁྲི་ཁང་བཟང་དང་སྐྱབས་མགོན་བླ་མ་རིན་པོ་ཆེའི་གསེར་ཁྲི་ཁང་བཟང་མིག་དཔེར་ཡོད་པ་གཉིས་ཀྱི་གཙོས། རྒྱལ་ཡོངས་ཀྱི་ནང་རྟེན་སངས་རྒྱས་འོད་སྲུང་གི་འཚེམས་དང་། སྐྱབས་རྗེ་དགེ་འདུན་རིན་ཆེན་གྱི་དམར་གདུང་། དཔལ་ལྡན་ལྷ་མོ་གསུང་བྱོན་མ། རྡོ་རྗེ་འཇིགས་བྱེད་གསུང་བྱོན་མ། གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་ཆེན་མོ་སོགས་ནང་རྟེན་ཁྱད་འཕགས་ཅན་གྲངས་ལས་འདས་པ་བཞུགས་ཡོད། ཁྱད་པར་འཕགས་པའི་དགེ་འདུན་པ ༣༡༢༦ ལྷག་པ་རྣམས་དབྱར་ཟླ་ངོ་དྲུག་གི་རིང་དམ་པའི་ཆོས་ཀྱི་སྒོ་ནས་སྐལ་བཟང་བདེ་བའི་ལམ་ལ་བཀོད་པའི་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ཀུན་གྱི་མཐོང་སྣང་དུ་གསོལ།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.