དབྱར་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

IMG_7356དེ་ཡང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་འདུལ་བ་ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ།། དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་ངོ་།། དེ་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་བ་དག་མི་སྦེད་ཅིང་མ་བསྲུངས་ལ་མ་སྦས་པར་གྱུར་པ་དག་ལ་མུ་སྟེགས་ཅན་རྣམས་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པ་ཡིན་ཏེ། སྲོག་གཅོད་པ་ལས་མ་ལོག རྣམ་པར་མ་ལོག ཕྱིར་མ་ལོག་པ་འདི་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་སྟེ། དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་བ་ན། སྲོག་ཆགས་ཕྲ་མོ་དང་ཤིན་ཏུ་ཕྲ་མོ་མང་པོའི་ཚོགས་རྣམས་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ།། རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞི་རང་གི་ཚང་ན་ཞུམ་ཞུམ་པོར་བྱས། ཀུན་ཏུ་ཞུམ་ཞུམ་པོར་བྱས་ནས་བསྐུམས་ཤིང་བསྐུམས་ནས་འདུག་ན། དགེ་སྦྱོང་མགོ་རེག་འདི་དག་ནི་ཁས་ལེན་པ་ཙམ་ཡང་མི་ཤེས་ན། དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་དེ་ལ་བྱ་བར་སེམས་པ་ལྟ་སུ་ཞིག་ཡོད་ཅེས་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ།། ཞེས་པ་ལ་བརྟེན་ནས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་ཁས་ལེན་དགོས་པ་ཁྲིམས་བཅས་སོ།། ཞེས་པ་ལ་སོགས་པ་གསུངས་ཡོད་མི་དེ་ལུ་ གཞི་བཞག་སྟེ་ དབྱར་གནས་ཀྱི་གོ་དོན་དང་། དགོས་པ། ཕན་ཡོན་དང་བཅས་ཏེ་ དུམ་གྲ་ཅིག་ཞུ་ནི་ཨིན།

སྤྱིར་ དབྱར་གནས་ཞེས་པའི་གོ་དོན་དེ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ཕྱི་རོལ་མུ་སྟེགས་པའི་འཕྱར་ཁ་བསལ་བའི་ཁར་ ནང་དུ་ཐོས་བསམ་སྒོམ་གསུམ་གྱི་དགེ་སྦྱོར་གོང་དུ་འཕེལ་བའི་ཐབས་ལུ་དམིགས་ཏེ། རབ་ཏུ་བྱུང་བ་ཚུ་ གནམ་བྱཱར་གྱི་དུས་ལུ་ གཙུག་ལག་ཁང་གི་ཕྱོགས་བཞི་ལུ་ ས་མཚམས་བཙུགས་ རྡོ་མཚམས་བཞག་སྟེ་ བྱིན་གྱིས་མ་བརླབས་པ་ ས་མཚམས་བརྒལ་འགྱོ་མ་ཆོག་པའི་ ཁྲིམས་བཟོ་སྟེ་ མཚམས་ཀྱི་ནང་ན་ གཙོ་བོ་ཀློག་པ་ཐོས་བསམ་དང་ སྤོང་བ་བསམ་གཏན་ལུ་ བརྩོན་ཤུགས་བསྐྱེད་དེ་ བཞུགས་དགོ་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཅིག་ལུ་སླབ་ཨིན།

དབྱར་གནས་འཚོགས་དགོ་པའི་དགོས་པ་ཚུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་ལས་ དངོས་དང་བརྒྱུད་པའི་ དགོས་པ་ལེ་ཤ་གསུངས་ཡོད་རུང་། ད་རེས་མདོར་བསྡུས་ཅིག་གོ་བདེ་བའི་དབང་དུ་བཏང་སྟེ་ཞུ་བ་ཅིན། དེ་ཡང་གཙོ་བོ་ གནམ་བྱཱར་གྱི་དུས་ལུ་ ས་ཁར་འབུཔ་གྱོག་མོ་ལ་སོགས་པའི་ དྲོད་དང་སྒོང་རྡོག་ཚུ་ལས་སྲོག་ཆགས་ལེ་ཤ་སྐྱེས་ཏེ་ གནས་པའི་དུས་ཨིནམ་ལས་ ཕར་ཚུར་འགྱོ་ནི་མང་པ་ཅིན་ འབུཔ་གྱོག་མོ་ལ་སོགས་པའི་སེམས་ཅན་མཉམ་ཆུང་ལེ་ཤ་གི་ སྲོག་ལུ་གནོད་ནིའི་ཉེན་ཁ་སྦོམ་ཡོདཔ་མ་ཟད། ཆར་ཆུ་འབོལ་བའི་དུས་ཚོད་ཡང་ཨིནམ་ལས་ འགྲོ་འགྲུལ་འབདཝ་ད་ ས་རུད་དང་ཆུ་རུད་སོགས་ལས་ རང་གི་སྲོག་ལུ་ཡང་གནོད་པའི་ཉེན་ཁ་མང་བའི་དུས་སྐབས་ཨིནམ་ལས་བརྟེན། དོན་ཚུར་བསྡུ་བ་ཅིན་ རང་དང་གཞན་གཉིས་ཆ་རའི་སྲོག་ལུ་ གནོད་པའི་རྒྱུ་རྐྱེན་དང་ཉེན་ཁ་ཚུ་མང་དྲགས་པས་ཡོད་པའི་དུས་ཚོད་ཁར་ ཐག་རིང་གི་འགྲོ་འགྲུལ་འབད་ནི་ཚུ་ རྒྱབ་ཏུ་སྐྱུར་སྟེ་ དོན་དང་བྱ་བ་ཉུང་བའི་ཐོག་ལས་ ཆོས་ཕྱོགས་དགེ་སྦྱོར་གྱི་ལཱ་དང་ བྱ་བ་ཚུ་ལུ་བརྩོན་ཤུགས་བསྐྱེད་ནིའི་དོན་ལུ་ དབྱར་གནས་ཚོགས་དགོཔ་ཨིན། དེ་བཟུམ་སྦེ་ སྟོན་པ་བཅོམ་ལྡན་འདས་ འཇིག་རྟེན་འདིར་སྐུ་འཚོ་བཞུགས་སྐབས་ རབ་ཏུ་བྱུང་བ་ཚུ་ འཚོ་བ་བསོད་སྙོམས་ལུ་བརྟེན་ཏེ་བཞུགས་དགོཔ་ལས་བརྟེན་ གནམ་བྱཱར་ལུ་ཡང་ ཉིན་ལྟར་བསྟན་པའི་སྦྱིན་བདག་ཚུ་ལས་ བསོད་སྙོམས་བཞེས་ནིའི་དོན་ལུ་ ཕར་ཚུར་འགྲོ་འགྲུལ་འབད་སར་ ཕྱི་རོལ་མུ་སྟེགས་པ་ཚུ་གིས་མཐོངམ་ད་ མིག་ཁར་མ་མཛེས་ སེམས་ཁར་མ་བབས་ལས་ ནང་པའི་རབ་བྱུང་ཚུ་ གནམ་བྱཱར་ འབུཔ་གྱོག་མོ་ལ་སོགས་པའི་ ས་ལ་གྱུ་བའི་སེམས་ཅན་མང་བའི་དུས་སྐབས་ལུ་ཡང་ སྡོད་མ་ཚུགས་པར་ ཕར་ཚུར་འགྱོ་སྟེ་ སེམས་ཅན་ལེ་ཤ་གི་སྲོག་བཅད་དེ་ སྡིག་པ་བསགས་དོ་ཟེར་ཁ་བཏང་མི་དེ་ དོན་ལུ་ཡང་གནས་ཡོདཔ་བཞིན་དུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ཐུགས་དང་ལེན་མཛད་དེ་ རབ་ཏུ་བྱུང་བ་ཚུ་ དབྱར་གནས་འཚོགས་དགོ་པའི་བཀའ་ཁྲིམས་བཅད་དེ་ དབྱར་གནས་པའི་ཆོས་ཀྱི་ལམ་སྲོལ་གསར་བཙུགས་མཛད་ཡོད་མི་དེ་ གྲ་མ་ཉམས་གྲུ་མ་ཟད་པར་ ཕྱོགས་དང་ཕྱོགས་མཚམས་སུ་དར་ཞིང་རྒྱས་ཏེ་ཡོད་དོ་བཟུམ་སྦེ།IMG_3209

ང་བཅས་རའི་ འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་འདི་ན་ལུ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་རྒྱབ་སྐྱོར་དང་ གནས་རྟེན་འདུལ་བ་འཛིན་པ་ཆེན་པོ་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བརྟེན་ གནས་ཆེན་རྟ་མགོ་རྡོར་གདན་ གདན་ས་གོང་འོག་གཉིས་ཀྱི་གཙོ་པའི་རབ་ཏུ་བྱུང་བའི་ཆོས་སྡེ་མང་ཤོས་ན་ ལོ་ལྟར་བཞིན་དུ་ རང་ཟླ་༦ པའི་ཚེས་༡༦ ལས་འགོ་བཙུགས་ ཟླཝ་གཅིག་དང་ཕྱེད་ཀྱི་རིང་ དབྱར་གནས་ཚོགས་སྲོལ་རྒྱུན་དར་རྒྱས་སུ་གནས་ཡོདཔ་ཨིན།

དབྱར་གནས་ཀྱི་ཕན་ཡོན། དབྱར་གནས་ཀྱི་སྐབས་ གཙོ་བོ་ ས་མཚམས་ལས་མ་བརྒལ་བ འཇིག་རྟེན་མ་དད་པའི་རྒྱུ་སྤངས་ཤིང་ སེམས་ཅན་ཆུང་ཀུ་ཅིག་གི་སྲོག་ལུ་ཡང་རྩིས་འཇོག་འབད་དེ་ སྲོག་གཅོད་ལ་སོགས་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཉམས་ལེན་དང་། དོན་དང་བྱ་བ་ཉུངམ་ལས་ མཚམས་ཀྱི་ནང་ན་ ཟླ་རིམ་གྱི་གསོ་སྦྱོང་དང་ ཉིན་ལྟར་གྱི་དགེ་སྦྱོང་ལུ་བརྩོན་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། དེ་བཟུམ་སྦེ་ དད་ཅན་གྱི་སྦྱིན་བདག་ཚུ་གི་གཙོས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ བསྔོ་བ་འདོན་ སྨོན་ལམ་བཏབ་ཏེ་ ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་ ཚད་གཞི་མཐོ་བའི་སྒོ་ལས་ བསྟན་དང་འགྲོ་བའི་དོན་དུ་ ཆོས་ཀྱི་བྱ་བ་རླབས་ཆེན་མཛད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མཐོང་ཆོས་སུ་གནས་ཡོད།

གོང་དུ་ཞུ་དོ་བཟུམ་སྦེ་ དབྱར་གནས་སྐབས་རབ་ཏུ་བྱུང་བ་ཚུ་ ཕྱི་ས་མཚམས་བརྒལ་ཏེ་ འགྱོ་མ་ཆོག་པའི་ཁར་ ནང་ཉིན་མཚན་ཀུན་ཏུ་ཆོས་ཀྱི་བྱ་ལུ་བརྩོན་ཤུགས་སྐྱེད་པའི་དམིགས་བསལ་གྱི་དུས་ཚོད་ཅིག་ཨིནམ་ལས་ དད་ཅན་སྦྱིན་བདག་ཚུ་གིས་གསོལ་ཇ་དང་གུང་ཚིགས་དྲངས་ནི་ལ་སོགས་པའི་ཞབས་ཏོག་བསྙེན་བཀུར་ཞུ་བ་བྱོན་ཚུགས་པ་ཅིན་ འབྱོར་ལྡན་བསོད་ནམས་བསགས་པའི་དུས་བཟང་ཁྱད་པར་ཅན་ཅིག་ཨིན་ཟེར་ཞུ་ནི་ཨིན།

ཡོངས་འབྲེལ་འཛིན་སྐྱོང་པས།

Comments
Updated: November 20, 2017 — 10:01 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.