མཎྜལ་ལྗགས་བཤད།

_DSC0196

  1. ཀུན་གསལ་ཕོ་བྲང་དུ་རྒྱལ་བའི་བཀའ་འགྱུར་ཆེན་པོའི་ལྗགས་ལུང་གི་མཐའ་མར་དགེ་བ་བརྟན་བཞུགས་ཀྱི་མཎྜལ་བཤད་པ།

༄༅། །བསྐལ་བཟང་སྟོན་པ་སྟོང་གི་དབུས་ན་ངོ་མཚར་པད་དཀར་ལྟར་བསྔགས་ཤིང་། །འདྲེན་པ་གཞན་གྱིས་ཡལ་བར་འདོར་བའི་ལྔ་བདོའི་འགྲོ་བ་བདག་ཅག་རྣམས། །མགོན་མེད་གནས་སུ་འདོར་བར་མ་བཟོད་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །འདུལ་དཀའི་ཞིང་འདི་ཕྱག་གིས་བཟུང་བའི་སྟོན་པ་ཐུགས་རྗེ་ཅན་ལ་འདུད། །ངོ་བོ་ཀ་དག་སྟོང་ཆེན་འོ་མའི་མཚོར། །རང་བཞིན་ལྷུན་གྲུབ་བདེ་ཆེན་པད་སྦུབས་ནས། །ཐུགས་རྗེ་མ་འགགས་ཅི་ཡང་སྤྲུལ་པའི་གར། །མཚོ་སྐྱེས་བླ་མར་གུས་པས་ཕྱག་བགྱི་འོ། །སྤྱན་རས་གཟིགས་དབང་འགྲོ་འདུལ་ཐབས་སུ་སྒྱུ་འཕྲུལ་ཆུ་ཟླའི་གཟུགས་ཀྱིས་ནི། །གངས་རིའི་ཁྲོད་དུ་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་འདབ་ཆགས་མཁའ་སྤྱོད་ཀྱི། །ཉིན་མོར་བྱེད་པ་བཅུ་དང་བརྒྱད་དུ་སྤེལ་བར་མཛད་པའི་གཡེར་ཆེ་བ། །དཔལ་ལྡན་མཁའ་ལ་སྒྲ་སྒྲོགས་པ་ཞེས་ས་གསུམ་ཁྱབ་པ་དེ་ལ་འདུད། །སྙིང་རྗེ་དབང་ཕྱུག་འཇིག་རྟེན་མགོན་པོ་ནི། །ཞིང་འདིའི་གདུལ་བྱའི་མོས་ངོར་སྣང་སྣང་བའི་སྐུ། །དཔལ་ལྡན་འབྲུག་པ་མཐུ་ཆེན་ཆོས་ཀྱི་རྗེ། །ངག་དབང་ཕྱོགས་ལས་རྣམ་པར་རྒྱལ་ལ་འདུད། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་གཟུགས། །རིས་མེད་འགྲོ་བ་ཀུན་གྱི་གཏན་གྱི་སྐྱབས། །བཀའ་དྲིན་མཚུངས་མེད་དྲིན་ཅན་བླ་མའི་ཞབས། །བྱང་སྙིང་བར་དུ་སྤྱི་བོའི་རྒྱན་དུ་མཆོད། །_DSC0443

ཅེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་གང་ཞིག་ཞུ་བར་བྱ་བ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ཨོ་རྒྱན་ཐམས་ཅད་མཁྱེན་པའི་ཞལ་སྐྱིན། དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་རྣམ་པར་རྒྱལ་བའི་རྒྱལ་ཚབ། རིས་མེད་བསྟན་པའི་མངའ་བདག་ཆེན་པོ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་ཆོས་ཀྱི་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས། རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་ཟབ་མོ་བདག་ཅག་འདིར་འདུས་ཀྱི་སྐྱེ་བོ་མཆོག་དམན་རྣམས་ལ་ལེགས་པར་བཀའ་དྲིན་དུ་སྩལ་གྲུབ་པའི་དགའ་སྟོན་གཏང་རག་དང་འབྲེལ་བའི་མནྜལ་འབུལ་བ་ལ། ཆོས་རྗེ་དཔལ་ལྡན་འབྲུག་པའི་ཞལ་སྔ་ནས། ལེགས་པའི་ཕྱོགས་སུ་རྟེན་འབྲེལ་བཟང་པོ་བསྒྲིགས། །ཕུན་སུམ་ཚོགས་པ་རང་གིས་བྱེད་པས་ཆོག ། ཅེསས་གསུངས་པ་ལྟར། ལེགས་སྤྱད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དུ་ཕུན་སུམ་ཚོགས་པ་ལྔ་ལས་བརྩམས་ཏེ་མདོ་ཙམ་ཞུ་བ་ལ། དེ་ཡང་མདོ་རྒྱུད་བསྟན་བཅོས་རྣམས་ལས། ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་དང་། ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ། སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་སོགས་ཀྱི་རྣམ་བཞག་ཇི་སྙེད་ཅིག་གསུངས་པ་ལས། སྐབས་འདིར་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་ཞིང་ཁམས་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་ལས་བརྩམས་ཏེ་ཅུང་ཟད་ཞུ་བ་དེ་ཡང་། ཇི་སྐད་དུ། གནས་དུས་སྟོན་པ་འཁོར་ཆོས་ཕུན་ཚོགས་ལྔ། ཞེས་པ་ལྟར། གནས་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། ཆོས་ཕུན་སུམ་ཚོགས་པ་སྟེ་ལྔ་ལས།

དང་པོ་གནས་ཕུན་སུམ་ཚོགས་པ་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། ། ཞེས་གསུངས་པ་ལྟར། དེ་ཡང་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། སེམས་ཅན་སྤྱིའི་ལས་ཀྱིས་བསྐྱེད་པའི་རྟེན་སྣོད་ཀྱི་འཇིག་རྟེན་ནམ་མཁའི་མཐའ་ཀླས་པར་བརྡལ་བ་ལས། སངས་རྒྱས་མའཆོག་གི་སྤྲུལ་པའི་སྐུའི་གདུལ་བྱའི་ཞིང་ཁམས་ལ་གླིང་བཞི། གླིང་ཕྲན་བརྒྱད། རིའི་རྒྱལ་པོ་རི་རབ། འདོད་ལྷ་རིས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། ཉི་ཟླ། ཕྱིའི་ལྕགས་རི་དང་བཅས་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱར་གནས་པར་གསུངས་པ་ལས་གླིང་བཞིའི་ནང་ཚན། ཤིང་ཛམྦུ་བྲྀཀྵའི་ལྗོན་པས་མཚན་པའི་ལྷོ་ཕྱོགས་འཛམ་བུ་གླིང་གི་ས་ཡི་ལྟེ་བ། བསྐལ་བཟང་གི་སངས་རྒྱས་སྟོང་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མ་ངེས་པའི་ཕུང་པོ་ལ་བརྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཞིང་། ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་ཀྱིས་བཅགས་ཤིང་ཆོས་ནོར་ཟབ་གཏེར་དུ་མ་སྦས་ཏེ་བྱིན་གྱིས་བརླབས་པའི་སྦས་ཡུལ། ཆོས་རྗེ་དཔལ་ལྡན་འབྲུག་པའི་གདུལ་བྱའི་ཞིང་ཁམས། སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དབང་ཕྱུག་རིམ་བྱོན་གྱིས་ལུགས་གཉིས་ཀྱི་ཆབ་སྲིད་སྐྱོང་བའི་རྒྱལ་ཁམས། སྨན་གྱི་ནགས་ཀླུང་རབ་ཏུ་རྒྱས་པའི་གླིང་། ཕྱོགས་བཞི་ནས་ཁ་བཞིས་མཚོན་པའི་ལྗོངས། དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་ལྟེ་བ་ཐིམ་རྫོང་མ་ག་དྷའི་རྒྱལ་སའི་ཆར་ཀུན་གསལ་ཕོ་བྲང་ཞེས་གྲགས་པ་དོན་དང་ལྡན་པ་འདི་ཉིད་སྐབས་འདིའི་གནས་ཕུན་སུམ་ཚོགས་པ་ལགས་སོ།། །།
གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་བསྐལ་པ་ལ་དམ་པའི་ཆོས་ཀྱི་སྣང་བ་ཡོད་པ་སྒྲོན་མེའི་བསྐལ་པ་དང་། དམ་པའི་ཆོས་ཀྱི་སྣང་བ་མེད་པ་མུན་པའི་བསྐལ་པ་ཞེསགཉིས་སུ་ཡོད་པ་ལས། བསྐལ་པ་འདི་ལ་བསྐལ་བཟང་གི་སྟོན་པ་སྟོང་རིམ་ཅན་དུ་མངོན་པར་རྫོགས་པ་སངས་རྒྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བས་ན་སྒྲོན་མའི་ཞིང་ཞེས་བསྐལ་པ་བཟང་པོར་གྲགས་ཤིང་། འདི་ལ་བསྐལ་བཟངསྒྲོན་མ་སྟོང་རྩ་རིམ་པར་བྱོན་པ་ལས། རྣམ་འདྲེན་གསུམ་གོང་དུ་བྱོན་ཟིན་ནས། ད་ལྟ་རྩོད་ལྡན་སྙིགས་མའི་དུས་འདིར་རྒྱལ་བ་གཞན་རྣམས་དམུ་རྒོད་གདུལ་དཀའི་འགྲོ་བ་འདུལ་བར་སྤྲོ་བ་ཞན་པའི་ཚེ། བདག་ཅག་གི་སྟོན་པ་འདི་ཉིད་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་བཞིན། ངོ་མཚར་པད་དཀར་ལྟར་བསྔགས་པའི་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ཀྱིས་དང་པོ་ཤཱཀྱ་ཐུབ་ཆེན་གྱི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་གྱི་རིང་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་གཉིས་རྒྱ་མཚོ་ལྟ་བུར་བསགས། མཐར་འཛམ་གླིང་མིའི་སྣང་ངོར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་ཏེ་ཆོས་འཁོར་རིམ་པ་གསུམ་ལ་སོགས་པ་བསྐོར་ནས་རིགས་ཅན་གསུམ་གྱི་གདུལ་བྱ་མ་ལུས་པ་རང་རང་མོས་པའི་ལམ་དང་འབྲས་བུ་ལ་བཀོད་པར་མཛད་པའི་བསྐལ་པ་བཟང་པོ་ཡིན་པར་མ་ཟད། བྱང་ཆུབ་སེམས་དཔའ་མཆེད་བརྒྱད་དང་དགྲ་བཅོམ་གནས་བརྟན་བཅུ་དྲུག གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་སོགས་པ་རྣམས་ཀྱིས་འཛམ་གླིང་མཐའ་དབུས་ཀུན་ཏུ་བྱིན་གྱིས་བརླབས་ཤིང་ཆོས་ཀྱི་སྣང་བ་སྤེལ་བར་མཛད་པའི་དུས་ཡིན་པ་དང་། ད་ལྟའང་འཇིག་རྟེན་ཕན་བདེའི་གཞི་མ་ལུང་དང་རྟོགས་པའི་བསྟན་པ་མ་ཉམས་པར་བཞུགས་པའི་སྐབས་སུ་ཡིན་པའི་ཁར། ལྷག་པར་དུ་ཡང་རབ་བྱུང་༡༧ པའི་མེ་མོ་བྱ་ལོ་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཟླ་བ་ཆོས་འཁོར་ཟླ་བ་ཞེས་གྲགས་པའི་ཡར་ངོའི་ཚེས་༡༠ ལ་ ཨོ་རྒྱན་སངས་རྒྱས་གཉིས་པའི་ཟབ་གཏེར་བླ་མ་དགོངས་འདུས་ཀྱི་ལུགས་ལྟར་ན་སྤྲེལ་གྱི་ཟླ་བའི་ཚེས་༡༠ ཨོ་རྒྱན་གུ་རུ་རིན་པོ་ཆེ་སྐུ་འཁྲུགས་པའི་དུས་བཟང་ཁྱད་པར་ཅན་ལ་ལྗགས་ལུང་དབུ་བཙུགས་ནས་ཉི་མ་ལྷོ་བགྲོད་ཀྱི་ཟླ་ངོ་གསུམ་གྱི་བར་སངས་རྒྱས་བཅོམ་ལྡན་འདས་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་དབྱར་གནས་པའི་དུས་བཟང་གི་རིང་ལ་བར་མེད་དུ་གནང་ནས། སླར་ལྷ་ཡུལ་ནས་མི་ཡུལ་དུ་བབས་པའི་དུས་བཟང་ཁྱད་པར་ཅན་དང་ཉེ་བ་ན་ཡོངས་སུ་རྫོགས་པར་གྲུབ་པས་ན་རང་བཞིན་ལྷུན་གྱིས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དུས་སྐབས་ཤར་བ་འདི་ཉིད་སྐབས་འདིའི་དུས་ཕུན་སུམ་ཚོགས་པ་ལགས་སོ།། །།
གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ཡང་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་གང་ཉིད་ནི་ཆེས་རིང་བའི་དུས་ཉིད་ནས་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་བརྙེས་པས་སྲིད་པའི་རྒྱ་མཚོ་ལས་བརྒལ་ཏེ་མི་གནས་པའི་མྱང་འདས་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དུ་མངོན་པར་བྱང་ཆུབ་པ་ཡིན་ན་ཡང་། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། ། ཞེས་དང་། དཔལ་བིར་ཝ་པས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། ། ཞེས་དང་། སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པས། ། ཞེས་སོགས་གསུངས་པ་ལྟར། སངས་རྒྱས་རྣམས་ནི་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་སུ་ནི་དར་སུ་ནི་རྒུད་སོགས་ཉིན་མཚན་དུས་དྲུག་ཏུ་གཟིགས་པར་མཛད་དེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེའི་གཟུགས་སུ་སྟོན་ཏེ། འདི་ལྟར་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་། དབང་ཕྱུག་དང་། བརྒྱ་བྱིན་དང་། རྒྱལ་པོ་དང་། བློན་པོ་དང་། དམག་དཔོན་དང་། ཚོང་དཔོན་ལ་སོགས་ཏེ་མདོར་ན་དུད་འགྲོ་ཅི་རིགས་པའི་ཚུལ་ཡང་བཟུང་སྟེ་མཐའ་ཡས་པའི་སྒྱུ་འཕྲུལ་གྱི་རོལ་མོ་ཐབས་མཁས་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱིས་གདུལ་བ་བྱ་བའི་འགྲོ་བ་རྣམས་མངོན་མཐོ་དང་ཐར་པའི་སྐལ་བ་ཇི་ལྟར་འཚམས་པ་ལ་འགོད་ཅིང་སྦྱོར་བ་ནམ་ཡང་གཡེལ་བ་མེད་པ་དེ། ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་གཡོ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བར་མེད། ། ཅེས་གསུངས་སོ། ། དེ་ལྟ་བས་ན་སངས་རྒྱས་ཀྱི་ངོ་བོར་བཞུགས་པའི་རྗེ་བཙུན་དམ་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པས། བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་གྱི་ཁམས་སུ་བསམ་གྱིས་མི་ཁྱབ་པའི་འགྲོ་བའི་དོན་བརྒྱུད་མར་མཛད་བཞིན་པ་ལས། ཞིང་འདིའི་འགྲོ་བའི་ཁམས་དང་། མོས་པ་དང་། བསྐལ་བ་དང་འཚམས་པས་འདུལ་བྱ་རྣམས་རྗེས་སུ་བཟུང་བའི་སླད་དུ་ལྷ་དང་བཅས་པའི་འཇིག་རྟེན་གསུམ་གྱི་གཙུག་གི་མཆོད་པའི་ཡུལ་དུ་སྲིད་པ་བཟུང་བར་མཛད་པ། ཟབ་རྒྱས་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ། སྨན་ལྗོངས་ལྷ་མིའི་བླ་མ། མཁྱེན་བརྩེ་ནུས་པའི་རང་གཟུགས། འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ཆེན་པོ། རྒྱ་ཆེ་བ་དང་རྒྱུན་མི་ཆད་པའི་འཕྲིན་རྒྱ་མཚོའི་ཕ་མཐར་བརྒལ་བ། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཞེས་མཚན་བརྗོད་པར་དཀའ་ཡང་དགོས་འབྲེལ་གྱི་སླད་དུ་མཚན་ན་ས་སྨོས་ན། ༸སྐྱབས་རྗེ་འཇིགས་མེད་ཆོས་ཀྱི་གྲགས་པ་དཔལ་བཟང་པོ་ཞེས་མཚན་སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ་བ་གང་ཉིད་སྐུ་འགྱུར་བ་མེད་པར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བཞུགས་ཤིང་། གསུང་འགག་པ་མེད་པ་དམ་པའི་ཆོས་ཀྱི་སྒྲ་དབྱངས་བར་མེད་དུ་སྒྲོགས་པ། ཐུགས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལས་ནམ་ཡང་གཡོ་བ་མེད་པ་བཞུགས་པའི་དཔལ་མགོན་བླ་མ་དམ་པ་གང་ཉིད་སྐབས་འདིའི་སྟོན་པ་ཕུན་སུམ་ཚོགས་པ་ལགས་སོ།། །།
བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི་རྒྱལ་བསྟན་རིན་པོ་ཆེ་འཁོར་ལོ་རྣམ་པ་གསུམ་གྱི་སྒོ་ནས་གྱན་དུ་འདེགས་པའི་བསྟན་པའི་མངའ་བདག་དགེ་འདུན་གྱི་གནས་བརྟན། མཆོག་གི་སྤྲུལ་སྐུ་རྣམས་དང་། གཞན་ཡང་བསྟན་པའི་གསལ་བྱེད་བླ་སློབ་མཁན་པོ། ཕྱོགས་ཀྱི་ཡུལ་གྲུ་སོ་སོར་ནས་བྱོན་པའི་སྡོམ་ལྡན་འདུལ་བ་འཛིན་པ་བསོད་ནམས་ཀྱི་ཞིང་དགེ་འདུན་གྱི་སྡེ་དང་། གསང་སྔགས་ནང་གི་རྣལ་འབྱོར་ཕོ་མོ། ཆོས་སྲིད་ལུགས་གཉིས་མཁྱེན་རབ་ཡངས་པའི་དཔོན་པོ། འབྱོར་ལྡན་གྱི་སྦྱིན་བདག བསོད་ནམས་ཀྱིས་མཐོ་བའི་མི་ཆེན། རྣམ་དཀར་གྱི་བློ་དང་ལྡན་པའི་སྐྱེ་བོ་ཕོ་མོ་ཁྲི་ཕྲག་ལས་བརྒལ་བ་ནམ་མཁའི་སྐར་ཚོགས་ལྟ་བུ་ཚོགས་པ་ནི་སྐབས་འདིའི་འཁོར་ཕུན་སུམ་ཚོགས་པ་ལགས་སོ།། །།
ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ། ཞེས་གསུངས་པ་ལྟར། བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བི་གསུང་རབ་གང་ཞིག་བརྗོད་བྱ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་དང་འབྲེལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བར་བྱེད་ནུས་པ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་ནུས་པ་བཅས་ཁྱད་ཆོས་གསུམ་ལྡན་ནམ། ཡང་ན། མདོ་ལས། སངས་རྒྱསབཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ། ། ཞེས་སོགས་གསུངས་པ་ལྟར། དེ་ཡང་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པ་དང་། དོན་མཐོང་བའི་ཕྱིར་ཡང་དག་པར་མཐོང་བ་དང་། ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོར་གྱུར་པའི་ཕྱིར་ནད་མེད་པ་དང་། ཡོངས་སུ་ཉམས་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ་དང་། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པ་དང་། ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པ་ད

Comments
Updated: November 20, 2017 — 10:09 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.