མཐོ་རིམ་འོག་མ།

བཀང་ལུང་མཐོ་རིམ་འོག་མིན་ཆོས་འཁོར་རྩེ་བཤད་གྲྭ།

བཀྲ་ཤིས་སྒང་གི་ཆར་བཀང་ལུང་ཟངས་མདོག་དཔལ་རིའམ་འོག་མིན་ཆོས་འཁོར་རྩེ་ནི། རབ་བྱུང ༡༦ པའི་གནམ་ལོ་ས་རྟ་སྤྱི་ལོ ༡༩༧༨ ལོར་གཙུག་ལག་ཁང་ནང་རྟེན་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་དང་བསམ་ལྷུན་ལྷ་ཚོགས་དང་བཅས་པ་བཞེངས་གནང་། ཕྱིས་སུ་གཙུག་ལག་ཁང་ཉེ་འཁོར་ས་ཆ་དང་བཅས་པ་བཀྲིས་སྒང་རབ་སྡེ་ནས་རྩིས་བཞེས་གནང་སྐབས་མཁས་དབང་ཀརྨ་རང་གྲོལ་དབུ་འཛིན་དུ་བསྐོས་ཏེ་འབྲིང་རིམ་བཤད་གྲྭ་གསར་བཙུག་གནང་བ་མ་ཟད། སླར་ཡང་སྤྱི་ལོ ༢༠༡༡ ལོར་དུས་སྐབས་དང་བསྟུན་མཐོ་རིམ་བཤད་གྲྭར་ཡར་སེང་མཛད་དེ་ལོ་རིམ་བཞིན་བསྟན་འཛིན་གཞོན་ནུ་བརྒྱ་ཕྲག་ལས་ལྷག་པ་རྣམས་ཐོས་བསམ་ལ་བརྩོན་དང་བརྩོན་བཞིན་པར་ལགས་སོ།།

སྐྱིད་ལ་མགོན་པའི་བཤད་གྲྭ།

kila

རབ་བྱུང་བརྒྱད་པའི་མཚམས་སུ་ཆོས་རྗེ་རྒོད་ཚང་པའི་དངོས་སློབ་ཆོས་རྒྱལ་ནོར་བུ་ཞབས་ཀྱིས་གདན་ས་ཕྱག་བཏབ་གནང་སྟེ་དཔལ་ལྡན་འབྲུག་པའི་གདམས་ངག་སྡོང་པོ་གསུམ་འདྲིལ་གྱི་དམ་པ་གནང་སྟེ་གདུལ་བྱ་སློབ་མ་རྣམས་ས་དང་ལམ་གྱི་རིམ་པ་ལ་བཀོད་པའི་གནས་ཁྱད་པར་ཅན་ཞིག་ཡིན། ཕྱིས་སུ་སྤྱི་ལོ ༢༠༡༠ ལོར་བསྟན་པའི་བདག་པོ་རྗེ་མཁན་ཁྲི་རབས་བདུན་ཅུ་པའི་ཞབས་ནས་ཨ་ཎིའི་མཐོ་རིམ་བཤད་གྲྭ་གསར་དུ་བཙུགས་གནང་སྟེ་རིས་མེད་རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་གནས་པའི་ཐབས་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད།

རིན་ཆེན་གླིང་མཐོ་རིམ་བཤད་གྲྭ།

rinchenlingསྤྱི་ལོ ༡༦༩༥ ཙམ་གྱི་སྔ་གོང་དུ་བྱོན་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་དཔལ་བཟང་པོའི་ཞབས་ཀྱིས་གདན་ས་བཏབ་སྟེ་བྱིན་གྱིས་རླབས་པར་མཛད། ཡིན་ཀྱང་ཉམས་སུ་རུལ་ཏེ་རི་སྟོང་གི་སྣང་བ་ཙམ་ལས་ཀློང་ཆེན་གྱི་གདན་ས་ངེས་འཛིན་ཙམ་ཡང་མེད་པར་ལུས་པའི་སྐབས་ཞིག་ན། བསྟན་འགྲོའི་དཔལ་མགོན་དམ་པ་དབྱངས་སློབ་སྐུ་བགྲེས་རིན་པོ་ཆེ་འཆི་མེད་མཆོག་གིས་སྐྱབས་མགོན་རྗེ་མཁན་ཁྲི་རབས་བདུན་ཅུ་པ་འཇིགས་མེད་ཆོས་ཀྱི་གྲགས་པའི་ཞབས་སུ་སྙན་གསན་ཞུས་ཏེ་གཞུང་ཞབས་དང་དད་ལྡན་གྱི་སྦྱིན་བདག་རྣམས་ཀྱིས་གྲོགས་རམ་ཐོག་ཉམས་གསོའི་ལས་སྣ་བཏིང་སྟེ་སྤྱི་ལོ ༢༠༠༠ ཙམ་ལ་དགེ་འདུན་གྱི་བཞུགས་ཁང་རྣམས་བསྒྲུབས་ཏེ་སྐྱབས་རྗེ་རིན་པོ་ཆེ་དང་དགེ་འདུན་འདུས་ཚོགས་ཀྱི་བཀའི་གནང་བ་ལྟར་བཤད་གྲྭ་གསར་དུ་བཙུགས་ཏེ་མཁས་པའི་དབང་པོ་སངས་རྒྱས་མཁའ་འགྲོ་དབུ་འཛིན་དུ་ཕེབསཔའི་རྗེས་སུ་ཆུ་སྦྲུལ་སྤྱི་ལོ ༢༠༡༣ ལོར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བསྒྲུབས་ཏེ་བཀྲ་ཤིས་པའི་དགའ་སྟོན་དང་འབྲེལ་མཐོ་རིམ་བཤད་གྲྭ་སྒོ་འབྱེད་གནང་སྟེ་བསྟན་པའི་ཞབས་ཏོག་འཆད་ཉན་གྱི་འཁོར་ལོའི་སྒོ་ནས་རྒྱན་དུ་བཏེགས་ཏེ་བཞུགས་ཡོད།

གསང་སྔགས་ཆོས་འཁོར་མཐོ་རིམ་བཤད་གྲྭ།

sangachokhor

ཞབས་དྲུང་གསུང་སྤྲུལ་སྐུ་ཕྲེང་གསུམ་པ་ཕྱོགས་ལས་ཤཱཀྱ་བསྟན་འཛིན་མཆོག་གིས་སྤྱི་ལོ ༡༧༦༥ རབ་བྱུང ༡༧ པར་གདན་ས་ཕྱག་བཏབ་སྟེ་བཤད་སྒྲུབ་ཀྱི་སྡེ་དར་བར་མཛད་ཀྱང་། ཕྱིས་ཤིག་ན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་ཏེ་ཉམས་ཉེས་སུ་གྱུར་པའི་མཐར།་དལྟའི་རབ་བྱུང ༡༧ པར་གཞུང་ཞབས་དང་ལྷག་པར་ཡབ་རྗེ་ཨྱོན་རྡོ་རྗེ་ཞབས་ཀྱིས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཉམས་གསོ་མཐིལ་ཕྱིན་མཛད། སྤྱི་ལོ ༡༩༩༡ རབ་བྱུང ༡༧ པའི་ལྕགས་ལུག་ལོར་འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲི་དམ་པ་སྐྱབས་མགོན་རྗེ་མཁན་ཁྲི་རབས་དྲུག་ཅུ་རེ་དགུ་པ་དགེ་འདུན་རིན་ཆེན་དཔལ་བཟང་པོའི་ཞབས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་འབྲུག་པའི་བསྟན་པ་ལ་སྨོན་པའི་ཐུགས་སྐྱེད་རྒྱ་ཆེན་པོས་བཤད་གྲྭ་གསར་འཛུགས་མཛད་དེ་བློ་གསལ་དོན་གཉེར་ཅན ༡༥༠ ལྷག་ཙམ་ནས་སྡེ་སྣོད་ཀྱི་ཚིག་དོན་ལ་འཆད་ཉན་བགྱིད་བཞིན་པའོ།།

གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཨ་ཎིའི་མཐོ་རིམ་བཤད་གྲྭ།

གནས་འདི་ཁར་སྔོན་བྱོན་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པ་དང་། ལྷག་པར་སྐྱབས་རྗེ་ཁྲི་རབས ༦༩ པ་དགེ་འདུན་རིན་ཆེན་མཆོག་གིས་ལོད་སྦས་སའི་གཞུང་ལམ་ཁར་སྐུ་ངལ་གནང་ཞིང་བཞུགས་པའི་སྐབས་མ་འོངས་པ་ན་ཆོས་སྡེ་ཆེན་པོ་ཞིག་ཆགས་འོང་ཞེས་ལུང་བསྟན་པ་ལྟར། ས་ཕོ་བྱི་ལོ་སྤྱི་ལོ ༢༠༠༨ ཟླ ༧ པའི་ཚེས ༡༡ ལ་ཆོས་ཀྱི་སྦྱིན་བདག་ཆེན་པོ་ཡབ་ཨྱོན་རྡོ་རྗེ་མཆོག་གིས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཏེ་བཞེངས་པའི་དགའ་སྟོན་ཡང་སྤྱི་ལོ ༢༠༡༠ ལོར་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་དང་འབྲེལ་སྐྱབས་མགོན་རིན་པོ་ཆེ་འཇིགས་མེད་ཆོས་གྲགས་མཆོག་གིས་དབུ་བཞུགས་ཀྱི་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་ཀྱིས་བཀྲ་ཤིས་པའི་རབ་གནས་དང་བསྟུན་ཨ་ཎི་བཤད་གྲྭ་གཞི་བཙུགས་གནང་སྟེ་སྒྲ་པའི་སློབ་དཔོན་སྐུ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་དབུ་འཛིན་དུ་ཕེབས་པ་ནས་བཟུང་དགེ་འདུན་བཙུན་མའི་སྡེ་རྣམས་གཞུང་རིག་གནས་ལ་སྦྱངས་པའི་སྐལ་བ་དང་ལྡན་པ་ཉིད་དུ་གྱུར་ཡོད།།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.