ཟླ་ ༣ པའི་ཚེས་ ༡༠་ལ་ཞབས་དྲུང་སྐུ་མཆོད།

zhub4

༉དཔལ་ལྡན་འབྲུག་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་བ།
ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ར་ལུང་འབྲུག་པའི་གདུང་བརྒྱུད་ལས་ ཡབ་དཔལ་ལྡན་འབྲུག་གདུང་བརྒྱུད་ རྗེ་བསྟན་པའི་ཉི་མ་དང་ ཡུམ་མཁའ་འགྲོའི་རིགས་བཟང་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ལུ་ འབྲུག་བྱང་ཆུབ་གླིང་གི་གཞིས་ཀ་མགར་གྲོང་ལུ་ སྤྱི་ལོ་༡༥༩༤ རབ་བྱུང་༡༠པའི་གནམ་ལོ་ཤིང་རྟ་ ཟླཝ་༡༡པའི་ཚེས་༡༡་ རེས་གཟའ་མིག་དམར་སྐར་མ་ཐ་སྐར་འཛོམས་པའི་ གྲུབ་སྦྱོར་ཕུན་སུམ་ཚོགས་པའི་དུས་དང་བསྟུན་ ཆོས་ཉིད་རྣམ་དག་གི་གཟུགས་སྔགས་གསུངས་ཏེ་སྐུ་འཁྲུངས་ནུག།
ཞབས་དྲུང་རིན་པོ་གིས་ སྐུ་གོང་མ་ཀུན་མཁྱེན་པད་མ་དཀར་པོའི་མཛད་ཚུལ་ཚུ་ གསལ་ཏོག་ཏོ་སྦེ་གསུངས་རུང་། སྡེ་སྲིད་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་ཆ་བཞག་མ་བཏུབ་པར་ འབྲུགཔ་ནང་དོགས་རྩོད་གཞི་ལུ་འགྱུར་ཏེ་ ཐུགས་བསུན་ཏེ་འབད་རུང་ རྗེ་མི་ཕམ་ཆོས་རྒྱལ་དང་ ཡབ་བསྟན་པའི་ཉི་མ་ གཞན་ཡང་བོད་ཀྱི་བླ་སློབ་དང་ ཆེ་མཐོའི་དཔོན་ཁག་ཚུ་འཛོམས་པའི་སྦུག་ ཞབས་དྲུང་རིན་པོ་ཆེ་དགུང་ལོ་༡༣བཞེས་པའི་ སྤྱི་ལོ་༡༦༠༦ གནམ་ལོ་མེ་རྟ་ལོར་ དཔལ་ལྡན་འབྲུག་པ་གོང་མ་རིམ་བྱོན་གྱི་གདན་ས་ འབྲུག་ར་ལུང་གི་གསེར་ཁྲི་གུ་གདན་འདྲེན་ཞུ་སྟེ་ རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོ་གིས་ རྡོ་རྗེ་འཆང་གི་ཕྱག་མཚན་ཕྱག་ལུ་ཕུལ་ཏེ་ འབྲུག་པ་དཀར་བརྒྱུད་པའི་བསྟན་པའི་གཙོ་བོ་ལུ་ རྟེན་འབྲེལ་རྒྱས་ཤིང་རྒྱསཔ་སྦེ་མངའ་གསོལ་ཞུ་ནུག། ཞབས་དྲུང་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་དང་ ལྷོ་མོན་གྱི་མི་སེར་ཚུ་གི་ཁ་བརྗེ་བསོད་ནམས་ལས་བརྟེན་ ཞབས་དྲུང་རིན་པོ་ཆེ་དགུང་ལོ་༢༣བཞེས་པའི་ སྤྱི་ལོ་༡༦༡༦ གནམ་ལོ་མེ་འབྲུག་ལོར་ རྒྱལ་ཁབ་འདི་ནང་ཕེབས་ཏེ་ རྫོང་གཞིས་ཁག་མང་རབས་ཅིག་བཞེངས་གནངམ་མ་ཚད་ ཕྱི་ནང་དགྲ་ཡི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ དཔལ་ལྡན་འབྲུག་པའི་བསྟན་སྲིད་གཅིག་གིས་ ལྷོ་མོན་ཡོངས་རྫོགས་ལུ་དབང་བ་བསྒྱུར་བའི་གཞུང་འདི་ལུ་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་ནད་དོན་དེ་ཡང་ དེ་ལས་བརྟེན་ཏེ་བྱུང་ནུག། ཞབས་དྲུང་རིན་པོ་ཆོས་ཀྱི་རྒྱལ་པོའི་ཞབས་ལས་ རྒྱལ་སྲིད་ཀྱི་དབང་ཚད་འབྲུག་སྡེ་སྲིད་ཀྱི་དབུ་ཁྲིད་མཛད་ནི་དང་ ཆོས་ཀྱི་དབང་ལུང་ཡོངས་རྫོགས་ ཆོས་ཀྱི་དབུ་འཁྲིད་རྗེ་མཁནམ་གྱིས་མཛད་དགོ་པའི་བདག་རྐྱེན་གནང་སྟེ་འབད་རུང་ རྒྱལ་ཁབ་ཀྱི་དོན་ལུ་གལ་ཆེའི་གནད་དོན་ཚུ་ ལྷན་རྒྱས་དཔོན་ཁག་ཚུ་འཛོམས་ཏེ་གསུང་གྲོས་གནང་ཞིནམ་ལས་ གཞུང་སྡེ་སྲིད་ལུ་སྙན་འབུལ་ཞུ་སྟེ་ ཐག་བཅད་དགོཔ་མ་ཚད་ གཞུང་ལྷན་རྒྱས་དང་ཆེ་མཐོའི་གོ་གནས་ཀྱི་རིམ་པ་ཚུ་ མ་བཏུབ་བཏུབ་སྦེ་བཟོ་གནང་སྟེ་ རྒྱལ་ཁབ་འདི་ ལྷ་ཡུལ་ས་ཁར་བབ་བབ་བཟུམ་སྦེ་བཟོ་གནང་ནུག
ཞབས་དྲུང་རིན་པོ་ཆེ་ སྐུ་དངོས་ཀྱི་གདུལ་བྱའི་འགྲོ་དོན་མཛད་ནི་དེ་ཅིག་གིས་མཇུག་བསྡུཝ་ལས་ སྐུ་མཐའ་མའི་མཛད་པ་སྟོན་རནམ་ད་ རིག་འཛིན་གྱི་སློབ་དཔོན་ཆེན་པོ་ཨོ་རྒྱན་རིན་པོ་ཆེ་གིས་ རིམ་གཉིས་ཟུང་འཇུག་གི་རྣལ་འབྱོར་ལུ་བཞུགས་ཚུལ་སྟོན་པ་ཅིན་ མཐའ་དམག་བཟློགཔ་མ་ཚད་ བསྟན་པ་དར་ཞིང་རྒྱས་པའི་ལུང་བསྟན་ཐོབ། དཔལ་ཡེ་ཤེས་མགོན་པོ་ལྕམ་དྲལ་བཀའ་སྲུང་ཚུ་གིས་ཡང་ དེ་བཟུམ་སྦེ་མཛད་དགོ་པའི་གསོལ་འདེབས་ཀྱི་བསྐུལ་མ་བྱུངམ་ལས་ ཐུགས་དམ་ལུ་བཞུགས་ནི་རནམ་ད་ སྡེ་སྲིད་བསྟན་འཛིན་འབྲུག་རྒྱས་དང་ དྲུང་དམ་ཆོས་གཉིས་རྒྱལ་མཚན་གཉིས་སྐུ་མདུན་ལུ་འབོ་སྟེ་ འབད་དགོཔ་བཅའ་དགོཔ་དང་ མ་འོངས་ལུང་བསྟན་ཚུ་རྒྱས་ཤིང་རྒྱསཔ་སྦེ་གསུངས་ཏེ་ དགུང་ལོ་༥༨བཞེས་པའི་ རབ་བྱུང་༡༡པའི་གནམ་ལོ་ལྕགས་ཡོས་ ཟླཝ་༣པའི་ཚེས་༡༠སྤྱིལོ་༡༦༥༡ལུ་ གདན་ས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ལུ་བཞུགས་ནུག། དེ་ལས་ཚུར་ལོ་ངོ་མང་རབས་ཅིག་ ཞབས་དྲུང་རིན་པོ་ཆེ་སྐུ་མཚམས་བཞུགས་པའི་ཚུལ་སྦེ་ དགོངས་རྫོགས་མ་སྒྲུབ་རུང་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འབྱོན་དགོ་པའི་གསོལཝ་བཏབ་ད་ ཐུགས་དམ་གྲོས་ཞིནམ་ལས་ཚུར་ ལོ་བསྟར་ཟླཝ་༣པའི་ཚེས་༡༠་ལུ་ ཞབས་དྲུང་སྐུ་མཆོད་བཟུང་ནི་འགོ་བཙུགས་ནུག ཧེ་མ་གི་སྐབས་ལུ་སྐུ་མཆོད་ཉིནམ་གསུམ་ར་ཨིན་རུང་། མཁན་རབས་༦༩ པ་སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གི་སྐུ་ཐོག་ལུ་ ཉིན་གྲངས་ཡར་སེང་གནང་སྟེ་ ད་རེས་སྐུ་མཆོད་ཡང་ཟླཝ་༣པའི་ཚེས་༡༥ཚུན་ སྔར་ལས་རྒྱས་རྒྱས་སྦེ་བཟུང་སྲོལ་ཡོད།
ལོ་བསྟར་རང་ཟླ་༣པའི་ཚེས་༡༠ལུ་ གཞུང་གི་ཁ་ཐུག་ལས་ཡང་ ཞབས་དྲུང་སྐུ་མཆོད་ཀྱི་ངལ་གསོ་བཞག་སྟེ་ རྒྱལ་ཁབ་ཀྱི་མཐའ་དབུས་མེད་པའི་རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ནང་ ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད་བཟུང་མི་སྐབས་ ཆོས་སེམས་ཅན་་གྱི་འབངས་མི་སེར་ཚུ་གིས་ སྐར་མེ་དང་སྙན་དར་ཕུལ་ཏེ་སྨོན་ལམ་བཏབ་སྲོལ་ཡོད་མི་འདི་ བཀའ་དྲིན་ཅན་གྱི་བདག་ཉིད་ དཔལ་ལྡན་བླ་མ་ཞབས་དྲུང་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་ཐབས་དང་ སྐྱེ་བ་ཕྱི་མ་འདུས་པ་དང་པོའི་འཁོར་ལུ་སྐྱེ་ཐབས་ལུ་ སྨོན་ལམ་གྱི་མཚམས་སྦྱར་དགོཔ་འདི་ ག་ནེ་བ་ཡང་ཁག་ཆེ་བས་ཟེར་ཞུ་ནི་ཨིན།

Comments
Updated: May 5, 2017 — 12:46 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.