འབྲིང་རིམ་བཤད་གྲྭ།

མདོ་སྡེ་བྲག་བཤད་གྲྭ།

Dodheyདུས་རབས ༩ པའི་ནང་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་གྱིས་ཞབས་ཀྱི་བཅགས་བྱིན་གྱིས་རླབས་གནང་བ་མ་ཟད། གནམ་ལོ་ས་ཕག་སྤྱི་ལོ ༡༧༧༩ ལོར་སྐྱབས་རྗེ་ཡོན་ཏན་མཐའ་ཡས་ཞབས་ཀྱིས་གདན་ས་བཏབ་སྟེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས། སྤྱི་ ལོ ༡༩༨༦ ཟླ ༧ ཚེས ༣ ལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་རྗེ་མཁན་ཁྲི་རབས་དྲུག་ཅུ་རེ་བརྒྱད་པ་རྗེ་བཙུན་བསྟན་འཛིན་དོན་གྲུབ་རྣམ་གཉིས་ཀྱི་ཞབས་ནས་རང་ལུགས་ཀུན་མཁྱེན་ཆེན་པོའི་ཁྲིད་གཞུང་རྣམས་མི་ཉམས་ཡུན་དུ་གནས་པའི་ཐབས་སུ་བཤད་པའི་སྡེ་ཆེན་པོ་བཙུགས་པའི་བཀའ་དྲིན་མཛད་དེ་བསྟན་འཛིན་གྱི་གཞོན་ནུ་རྣམས་ཐོས་བསམ་ལ་བརྩོན་དང་བརྩོན་བཞིན་པ་ལགས་སོ།

བཀང་ལུང་ཆོས་འཁོར་གླིང་བཤད་གྲྭ།

Kanglungshedra

མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་སྐྱབས་མགོན་རྗེ་མཁན་ཁྲི་རབས་བདུན་ཅུ་པ་རྣམ་གཉིས་ཀྱི་བཀའི་ཅོད་པན་སྤྱི་བོའི་རྒྱན་དུ་བཅིངས་ཏེ་སྤྱི་ལོ ༢༠༠༣ ཟླ ༨ པའི་ཚེས ༨ ལ་གྲུབ་པའི་ཁྱུ་མཆོག་རྡོ་རྗེ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ཞབས་ཀྱིས་འབྲིང་རིམ་བཤད་གྲྭར་སྒོ་འབྱེད་གནང་སྟེ་མཁས་པའི་དབང་པོ་ངག་དབང་ཀརྨ་རང་གྲོལ་དབུ་འཛིན་དུ་ཕེབསནས་མི་ལོ་བཅུ་ཕྲག་གཅིག་གི་རིང་ལ་མདོ་སྔགས་གཞུང་ལུགས་ཟབ་མོར་འཆད་ཉན་ལ་འབད་དེ་ཀློག་པ་ཐོས་བསམ་གྱི་འཁོར་ལོའི་སྒོ་ནས་དཔལ་ལྡན་འབྲུག་པའི་བསྟན་པའི་སྲི་ཞུ་སྒྲུབ་བཞིན་པ་ལགས་སོ།། 

སྐྱིད་བདེ་ཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭ།

mmexport1460957220135[1]སྤྱི་ལོ ༡༩༩༢ ཙམ་ནས་མོང་སྒར་སྔ་ཚང་གསང་སྔགས་ཆོས་གླིང་དུ་མི་དབང་ཆོས་ཀྱི་རྒྱལ་པོ་འབྲུག་རྒྱལ་བཞི་པ་མཆོག་དང་མཁན་ཆེན་ཁྲི་རབས་དྲུག་ཅུ་རེ་བརྒྱད་པ་རྗེ་བཙུན་ཡོན་ཏན་འོད་དམ་བསྟན་འཛིན་དོན་གྲུབ་དཔལ་བཟང་པོ་གཉིས་ཀྱིས་ཞབས་ནས་གསར་བཙུགས་གནང་ཡོད་ཀྱང་། ཕྱིས་སུ་རྒྱ་བསྐྱེད་ཀྱིས་ལས་སྣ་བརྩམ་པའི་སྐབས་སའི་རྒྱ་ཁྱོན་ཆུང་བའི་སྟབས་ཀྱི་སྐྱབས་མགོན་ཁྲི་རབས་བདུན་ཅུ་པའི་ཞབས་ནས་སྐྱིད་བདེ་ཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དུ་བླ་དྭགས་མཛད་དེ་སྤྱི་ལོ ༢༠༠༡ ཟླ ༩ པའི ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་འབྲེལ་སྤོ་ཤུགས་མཛད་དེ་ཆོས་ལ་འདོད་གཉེར་ཅན་གྱི་སློབ་མ་བརྒྱ་ཕྲག་ལས་མི་ཉུང་བ་རྣམས་ཀྱིས་ཐོས་བསམ་ལ་བརྩོན་བཞིན་པ་ལགས་སོ།། 

ལེགས་བཤད་འབྱུང་གནས་བཤད་གྲྭ།

Lekshey Jungney 2ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁས་དབང་ལེགས་བཤད་རྒྱ་མཚོ་དཔལ་བཟང་པོའི་ཞབས་ཀྱིས་སྤྱིར་གྱི་བསྟན་པའི་སྙིང་པོ་བཤད་དང་སྒྲུབ་པ་གཉིས་དང་དགོས་སུ་གཞུང་སྦུག་གྲལ་པ་རྣམས་ཉིན་མཚན་མེད་པར་རྒྱལ་ཁབ་ཀྱི་སྐུ་རིམ་ཞབས་ཏོག་བསྒྲུབ་སྟེ་ཕྱི་ནང་གཉིས་ཀྱི་ཡོན་ཏན་ལ་སྦྱང་བརྩོན་བྱེད་རྒྱུའི་སྒོ་སྐབས་མེད་པར་གཟིགས་ཏེ་སྤྱི་ལོ ༢༠༠༢ ཟླ ༡༡ /༢༢/ ལ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ཉེ་འདབས་སུ་རྩ་ཕུང་ཚང་ཚིང་དུ་འདུག་པ་ཐམས་ཅད་འདྲེན་མཆོག་དམ་པ་ཉིད་ཀྱིས་དབུ་སྣ་འདྲེན་ཏེ་ཆོས་ལ་འདོད་གཉེར་ཅན་སྐལ་བཟང་བུང་བའི་ཚོགས་ཀྱིས་བྱ་བ་ལས་ཀྱི་འཁོར་ལོའི་ཞབས་ཏོག་ལ་དམིགས་ཏེ་ས་གཞི་ཁོད་མཉམ་པར་བརྡལ་བ་ནས་བཟུང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བསྒྲུབས་ནས་གཞུང་རིག་གནས་ཀྱི་སློབ་སྦྱོང་བྱེད་སའི་ལྟེ་བ་ཞིག་ཏུ་གྱུར་ཏེ་གཞུང་སྦུག་གྲལ་པའི་དགེ་འདུན་པ་རྣམས་དང་ཆོས་ཀྱི་སྐལ་བ་དང་ལྡན་པའི་ལས་ཅན་རྣམས་ཐོས་བསམ་ལ་བརྩོན་བཞིན་པ་ལགས་སོ།།

ན་ལེནྡྲ་བཤད་གྲྭ།

Nalanda_(upper)_temple_Nalanda_Buddhist_Institute,_Punakha_Dz_Bhutan_2013སྤྱི་ལོ ༡༧༥༧ རབ་བྱུང ༡༢ ཤིང་ཁྱི་ལ་རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་ཞབས་ཀྱིས་གདན་ས་ཐོག་མར་ཕྱག་བཏབ་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དབྱར་མཚོ་ལ་འགྲན་པ་ལྟ་བུ་མཛད། ཕྱིས་སྤྱི་ལོ ༡༩༩༣ ལོརརྡོར་སློབ་སྐུ་བགྲེས་ཡོནཏན་རྒྱལ་མཚན་ཞབས་ནས་འབྲུག་ཆོས་རྒྱལ་ཁྲི་རབས་བཞི་པ་མཆོག་ལ་སྙན་སྦྲོན་ཞུས་ཏེ་རིག་གཞུང་གི་བཤད་པའི་ཆོས་སྡེ་ཆེན་མོ་གསར་དུ་ཚུགས་པ་ནས་བཟུང་བཤད་གྲྭ་བ་འདོད་གཉེར་ཅན་བརྒྱ་ཕྲག་ལྷག་ཙམ་གྱིས་ནང་བསླབ་པ་གསུམ་གྱི་ཉམས་ལེན་དང་ཕྱི་སྡེ་སྣོད་གསུམ་གྱི་སློབ་སྦྱོང་ལ་བརྩོན་དང་བརྩོན་བཞིན་པའོ།།

ཕུན་ཚོགས་གླིང་བཀྲིས་དཔལ་ལྡན་ཆོས་གླིང་བཤད་གྲྭ།

Pling
སྤྱིར་ལྷོ་ཁ་བཞི་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་་དམ་པའི་ཆོས་ཀྱི་སྣང་བ་གཏོད་དེ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་ཀྱང་། དེང་སང་དཔལ་འབྱོར་གོང་འཕེལ་གྱི་གནས་སྟངས་ལ་བརྟེན་ནས་མི་རིགས་དང་ཆོས་ལུགས་འདྲ་མིན་སྣ་ཚོགས་བྱུང་ཡོད་པས་མཐར་ཐུག་སེམས་ཀྱི་བདེ་བ་ནི་འཚེ་མེད་ཞི་བའི་ལམ་ནས་བསྟན་པའི་ནང་པའི་ཆོས་ཁོ་ན་ལས་མེད་པས་དེའི་དབང་གིས་ས་མཚམས་ཁག་རྣམས་སུ་བཤད་པའི་སྡེ་ཆེན་པོ་བཙུགས་ཏེ་དམ་པའི་ཆོས་ཀྱི་སྣང་བ་ཡུལ་གྲུ་ཀུན་ཏུ་སྤེལ་ན་རང་གཞན་གཉིས་ཀྱི་ཕན་དང་བདེ་བའི་རྒྱུ་ཡིན་པར་དགོངས་ནས་སྤྱི་ལོ ༢༠༠༩ ལ་མི་དབང་འབྲུག་རྒྱལ་ལྔ་པ་མཆོག་དང་རྗེ་མཁན་ཁྲི་རབས་བདུན་ཅུ་པ་གཉིས་ཀྱི་ཞབས་ནས་བཤད་གྲྭ་སྒོ་འབྱེད་གནང་སྐབས་དད་ལྡན་གཏོང་བའི་སྒོ་འཕར་ཡངས་པའི་སྦྱིན་བདག་ཆེན་པོ་རྡོ་ཕུ་དང་ཨམ་ཀརྨ་དབྱངས་སྒྲོན་གཉིས་ནས་དགེ་འདུན་གྱི་ཀུན་དགའ་རྭ་བ་རྟེན་དང་བརྟེན་པར་བཅས་པ་ཞབས་ཏོག་ཞུས་པའི་རྐྱེན་གྱིས་རྒྱལ་བའི་བསྟན་པ་རྙེད་པ་དང་བཀུར་སྟི་དབང་གིས་དར་ཤིང་རྒྱས་ཏེ་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཐོས་བསམ་གྱི་ལམ་ལ་འཇུག་བཞིན་པ་ལགས་སོ།།

སེམས་རྟོགས་ཁ་གསང་ཟབ་བཤད་གྲྭ།

གནམ་ལོ་ས་སྦྲུལ་ རབ་འབྱུང ༡༡ པའི་སྤྱི་ལོ ༡༦༢༩ ལོར་དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཞབས་ཀྱིས་སྨན་ལྗོངས་ནགས་མའི་ཚལ་དུ་རྗོང་གཞི་ཕྱག་བཏབ་གནང་སྟེ་ཆོས་སྲིད་གཉིས་ཀྱི་འཁོར་ལོ་བསྒྱུར་བའི་བཞུགས་གནས་ཁྱད་པར་ཅན་འོག་མིན་གྱི་ཞིང་ལ་འགྲན་པ་ལྟ་བུ་ཞིག་ཡོད་ཀྱང་ཉམས་ཆག་ཤོར་བའི་རྐྱེན་གྱིས། སྡེ་སྲིད་ཁྲི་རབས་གསུམ་པའི་སྐབས་སུ་ཉམས་གསོ་མཐིལ་ཕྱིན་ཞུས་ཏེ་སྤྱི་ལོ ༡༩༩༧ གཞུང་གྲྭ་ཚང་གི་རྩིས་བཞེས་ནས་གཞི་རིམ་སློབ་གྲྭ་གསར་བཙུགས་གནང་སྐབས་དགེ་འདུན་གྱི་བཞུགས་གནས་སོགས་དཀའ་ངལ་ཆེ་བར་གཟིགས་ཏེ་མི་དབང་ཆོས་ཀྱི་རྒྱལ་པོ་འབྲུག་རྒྱལ་བཞི་པའི་ཞབས་ནས་དེང་སང་གི་གནས་སྟངས་དང་བསྟུན་པའི་བཟོ་རིགས་ཀྱི་སྒོ་ནས་ཉམས་གསོ་ཞུས་ཏེ་སྤྱི་ལོ ༢༠༠༣ ལ་རྗེ་མཁན་ཁྲི་རབས་བདུན་ཅུ་པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་བཤད་གྲྭ་གཞི་བཙུགས་གནང་སྟེ་རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་གནས་པའི་ཐབས་སུ་གཞོན་ནུ་འདོད་གཉེར་ཅན་རྣམས་ཀློག་པ་ཐོས་བསམ་ལ་སློབ་བཞིན་པ་ལགས་སོ།།

བསེ་བ་ལ་ཆོས་འཁོར་མི་འགྱུར་རྡོ་རྗེ་གདན་བཤད་གྲྭ།

sewala

སྤྱི་ལོ ༡༧༡༨ རབ་བྱུང ༡༢ པའི་ནང་སྟོན་པའི་རྒྱལ་ཚབ་བྱམས་མགོན་ངག་དབང་རྒྱལ་མཚན་ཞབས་ཀྱིས་གདན་ས་ཕྱག་བཏབ་གནང་སྟེ་དཔལ་ལྡན་འབྲུག་པའི་བསྟན་པའི་ཆུ་འགོ་ཉིད་དུ་གྱུར། ཕྱིས་སུ་སྤྱི་ལོ ༡༩༩༦ ཟླ ༧ ཚེས ༢༤ ལ་སྐྱབས་མགོན་རྗེ་མཁན་རིན་པོ་ཆེ་དང་སློབ་ལྷན་རྒྱས་རྣམས་དམ་ཚིག་གཅིག་འབྲེལ་གྱི་དབང་གིས་རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་གནས་ཐབས་ནི་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་ལ་རག་ལས་པར་དགོངས་ནས་མི་དབང་སའི་ཚངས་པ་ཆོས་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ཞབས་སུ་སྙན་གསན་ཕབ་སྟེ་བཤད་གྲྭའི་སྡེ་ཆེན་མོ་གསར་དུ་བཙུགས་ཏེ་བསྟན་པའི་ཞབས་ཏོག་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་ལས་མོ་བགྱིད་དེ་ཆོས་ལ་འདོད་གཉེར་ཅན་གྱི་སློབ་མ་རྣམས་སྡེ་སྣོད་ཀྱི་ཚིག་དོན་ལ་བརྩོན་བཞིན་པ་ལགས་སོ།།

གཞལ་སྒང་ཏ་ལི་བཤད་གྲྭ།

tali shedraསྤྱི་ལོ ༡༩༦༨ ལ་སྐྱབས་རྗེ་སྤོ་ལོ་མཁན་རིན་པོ་ཆེ་ཞབས་ནས་གདན་ས་བཏབ་སྟེ་བཤད་སྒྲུབ་ཉམས་ལེན་གྱི་བསྟི་གནས་སུ་གྱུར་འདུག་ཀྱང་བར་སྐབས་སུ་ཉམས་ཆག་སོང་བའི་རྐྱེན་གྱིས། སླར་ཡང་སྤྱི་ལོ ༡༩༩༣ ལོར་དབང་ཕྱུག་བརྒྱུད་འཛིན་གྱི་ཆོས་རྒྱལ་ཁྲི་རབས་བཞི་པ་མཆོག་གིས་བཀའ་ཡི་གནང་བ་བརྩལ་བཞིན་ཟངས་མདོག་དཔལ་རིའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་གསར་དུ་བསྒྲུབས་ཏེ་བཀྲ་ཤིས་པའི་རབ་གནས་དགའ་སྟོན་མཛད། ཕྱིས་སྤྱི་ལོ ༢༠༡༠ ལོར་རྗེ་མཁན་ཁྲི་རབས་བདུན་ཅུ་པའི་ཞབས་ནས་རྒྱལ་བསྟན་སྙིང་པོ་ལུང་རྟོགས་གཉིས་ཡིན་པར་དགོངས་ཏེ་བཤད་གྲྭ་གསར་འཛུགས་མཛད་དེ་འཆད་ཉན་གྱི་ལམ་སྲོལ་སྤེལ་བར་མཛད་པའི་ལྷོ་མཚམས་ཕྱོགས་སུ་བཤད་པའི་གྲྭ་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏོ།།

ཏ་ལོ་གསང་སྔགས་ཆོས་གླིང་བཤད་གྲྭ།

Talo Dzongརྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་མང་པོ་ཞིག་ཐུགས་དམ་ཏིང་ངེ་འཛིན་ལ་བཞུགས་པའི་གནས་ཁྱད་པར་ཅན་དང་ལྷག་པར་དུས་རབས ༡༧ པའི་མཚམས་སུ་ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་གྲགས་པ་ཞབས་ཀྱིས་གདན་ས་བཏབ་སྟེ་ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་རྣམས་ཀྱི་གདན་ས་གཙོ་བོར་བཟུང་སྟེ་དཔལ་ལྡན་འབྲུག་པའི་ཆོས་ཀྱི་ཆུ་འགོ་ལྟ་བུ་ཞིག་ཏུ་གྱུར། ཕྱིས་སུ་སྤྱི་ལོ ༢༠༠༠ ལོར་སྐྱབས་རྗེ་ཁྲི་རབས་བདུན་ཅུ་པ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག་དང་མི་དབང་རྒྱལ་བཙུན་ལྷན་རྒྱས་རྣམས་ཀྱིས་བཤད་པའི་བསྟན་པ་མི་ཉམས་ཡུན་དུ་གནས་པའི་ཐབས་སུ་བཤད་གྲྭའི་སྡེ་ཆེན་མོ་བཙུགས་ཏེ་མི་ལོ་བཅུ་ཕྲག་གི་རིང་ལ་འཆད་ཉན་བགྱིས་ཏེ་རྒྱལ་བསྟན་གོང་དུ་འཕྱུར་བའི་བཀའ་དྲིན་གྱི་བདག་པོ་ཉིད་དུ་བཞུགས་ཡོད།

ཀྲོང་གསར་ཚང་ཁ་བཤད་གྲྭ།

Trongsa Tshangkha Shedra
མཁས་གྲུབ་ཀུན་གྱི་སྤྱི་མེས་བླ་མ་ནོར་བུ་དབང་ཕྱུག་ཞབས་ཀྱིས་འབྲུག་རྟེན་འབྲེལ་ལ་མངའ་རྙེད་པ་ཐམས་ཅད་བགྲང་བྱ་རྩིས་ཀྱི་རི་མོར་རག་ལས་པར་དགོངས་ཏེ་སྤྱི་ལོ ༡༩༨༨ ལོར་མི་དབང་ཆོས་ཀྱི་རྒྱལ་པོ་འབྲུག་རྒྱལ་བཞི་པའི་ཞབས་སུ་སྙན་གསན་་ཕབས་ཏེ་གཞུང་ཞབས་ནས་མ་དངུལ་གྱི་གྲོགས་རམ་ཅི་དྲག་གནང་སྟེ་རྩིས་གཞུང་གི་སློབ་གྲྭ་གཞི་བཙུགས་གནང་། ཕྱིས་སུ་ས་ཁོངས་ཆུང་བའི་སྟབས་ཀྱི་རྩིས་གཞུང་གི་སློབ་གྲྭ་འདི་ཐིམ་ཕུག་བདེ་ཆེན་ཕོ་བྲང་དུ་སྤོ་ཤུགས་མཛད་པའི་མཐར་སྐྱབས་མགོན་རྗེ་མཁན་རིན་པོ་ཆེའི་ཞབས་ནས་དབུས་ཕྱོགས་རྫོང་ཁག་གི་དོན་དུ་བཤད་གྲྭའི་སྡེ་ཆེན་མོ་བཙུགས་ཏེ་མི་ལོ་བཅུ་ཕྲག་ལྷག་ཙམ་གྱི་རིང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བགྱིད་བཞིན་པ་ལགས་སོ།།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.