རབ་སྡེ་གྲྭ་ཚང།

ཆུ་ཁ་རབ་སྡེ།

chuསྔོན་ཆུ་ཁ་ཆབ་འོག་གི་མི་སེར་མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ལས། ལུང་ཕྱོགས་འདི་ནང་འབྱོར་ལྡན་བསོད་ནམས་བསགས་ས་དང་གཤིན་པོའི་སྒྲིབ་སྦྱོང་གི་དད་པའི་ཞིང་དགེ་འདུན་གྱི་སྡེ་ཞིག་ངེས་པར་དགོས་པའི་བློ་འདོད་ལྟར་གྲྭ་ཚང་ལྷན་ཚོགས་བརྒྱུད་མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་རིན་པོ་ཆེར་སྙན་གསན་ཕབ་སྟེ། མི་དབང་ཞབས་ལས། སྤྱི་ལོ ༡༩༩༡ ལོར་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་དང་བསྟུན་རབ་སྡེ་གྲྭ་ཚང་གསར་འཛུགས་གནང་བའི་བཀའ་དྲིན་མཛད། ཕྱིས་དབྱིན་ལོ ༢༠༠༢ རྫོང་གསར་བཞེངས་ཀྱི་བཀའ་སློབ་གསེར་གྱི་ཐིག་པ་སྤྱི་བོར་བབས་ནས་ས་རྐོ་རྡོ་སློང་གི་ལས་སྣ་འགོ་འཛུགས་ཏེ་ལོ་ངོ་དྲུག་གི་རིང་ལ་ཕྱི་ནང་གསར་དུ་བསྐྲུན་ཏེ་དུས་རབ་ ༢༡ པའི་སྤྱི་ལོ ༢༠༠༨ ལ་བཀྲ་ཤིས་པའི་རབ་གནས་དང་བསྟུན་རབ་སྡེ་སྤོ་ཤུགས་མཛད་། ད་ལྟ་དཔལ་ལྡན་འབྲུག་པའི་བསྟན་པའི་གཞི་མ་འཕགས་པའི་དགེ་འདུན་པ ༡༨༥ ལྷག་ཙམ་གྱིས་རྒྱལ་བསྟན་གོང་དུ་འཕེལ་བའི་ཞལ་གསོས་དང་། རྫོང་ཁག་གི་ཡིག་ཚང་མཉམ་རུབ་ཀྱི་ཐོག་ནས་མི་སྡེའི་ཞབས་ཏོག་བླ་ལྷག་ཏུ་བསྒྲུབ་བཞིན་པ་ལགས་སོ།།

དར་དཀར་བཀྲིས་གཡང་རྩེ་རབ་སྡེ།

Dagaa
ལྷོ་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་དཔལ་ཞབས་དྲུང་ངག་དབང་བདུད་འཇོམས་རྡོ་རྗེའི་ཐུགས་དགོངས་ལྟར་འབྲུག་མགྲོན་གཉེར་རྣམ་རྒྱལ་གྱིས་སྤྱི་ལོ ༡༦༥༠ ལོར་ཆོས་སྲིད་གཉིས་ཀྱི་བསྟན་པ་སྐྱོང་བའི་གཞི་མ་ཉིད་དུ་འགོ་འཛུགས་ཏེ་ལོ་ངོ་གསུམ་གྱི་ནང་ཁོད་ཕྱི་ནང་ལེགས་པར་བསྒྲུབས་པའི་རྟེན་འབྲེལ་དང་བསྟུན་རྫོང་གི་མཚན་ཡང་དར་དཀར་བཀྲིས་གཡང་རྩེ་རྫོང་དུ་མཚན་གསོལ་ཐོབ། རྫོང་ཆེན་འདིའི་ནང་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནི་དང་འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་དང་བཅས་པའི་བཞུགས་ཁང་གྲངས་བརྒྱད་ཙམ་ཡོད་པ་མ་ཟད། རབ་སྡེའི་བླ་མ་གནས་བརྟན་གྱིས་གཙོས་པའི་འཕགས་པའི་དགེ་འདུན་པ ༢༠༧ ལྷག་ཙམ་གྱིས་དཔལ་ལྡན་འབྲུག་པའི་བསྟན་པའི་ཞབས་ཏོག་ཞུ་བཞིན་པ་ལགས་སོ།།

མགར་ས་རབ་སྡེ།

Gasa
དུས་རབ་ ༡༣ པའི་ནང་གྲུབ་ཐོབ་གཏེར་ཁུང་ཆེན་པོས་དམ་ཅན་སྒོ་མོ་ལུང་པ་དམ་ལ་བཏག་སྟེ་ས་རྡོ་རི་བྲག་ཐམས་ཅད་དག་པའི་ཞིང་ཁམས་སུ་བྱིན་གྱི་རླབས་པའི་བཀའ་དྲིན་ཐོབ། ཕྱིས་སུ་དུས་རབས ༡༧ སྤྱི་ལོ ༡༦༤༠ ལ་སྔོན་པ་བསྟན་འཛིན་འབྲུག་སྒྲས་རྫོང་བཀྲ་ཤིས་པ་བྱིན་ཆགས་པ་ཞིག་ཏུ་བཞེངས་ཏེ་ཡོད་ཀྱང་ཆོས་རྣམས་ཐམས་ཅད་མི་རྟག་པའི་དབང་གིས་ཉམས་སུ་རུལ་ཏེ་སོང་བས་སྡེ་སྲིད་ཁྲི་རབས་བཞི་པའི་སྐབས་སུ་ཉམས་གསོ་མཐིལ་ཕྱིན་མཛད་པའི་རྗེས་སུ་སྤྱི་ལོ ༡༩༩༩ ལོར་མི་དབང་འབྲུག་རྒྱལ་བཞི་པ་ཁྲི་ལོ་ཉེར་ལྔ་འཁོར་བའི་དུས་སྟོན་བརྩི་སྲུང་དང་འབྲེལ་རྗེ་མཁན་ཁྲི་རབས་བདུན་བཅུ་པའི་ཞབས་ནས་བླ་མ་གནས་བརྟན་གསར་བསྐོས་གནང་སྟེ་འཕགས་པའི་དགེ་འདུན་པ ༡༢༠ ཙམ་གྱིས་ཕྱོགས་ཀྱི་བགེགས་སྲུང་གི་ཆེད་དུ་དཔལ་ལྡན་འབྲུག་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཕྲིན་བཅོལ་འབུལ་བཞིན་པ་བཞུགས་ཡོད་པ་མ་ཟད། གཞུང་གི་ཡིག་ཚང་རྣམས་བཙུགས་ཏེ་རྫོང་ཁག་གི་ལས་སྣ་སྐྱོང་བའི་གཞི་མ་གཅིག་ཏུ་བཞུགས་ཡོད།

ཧས་རབ་སྡེ།

lhakhag-karpo
དུས་རབ་༧པའི་ནང་ཞབས་དྲུང་རིན་པོ་ཆེའི་སྐུ་ཕྲེང་གོང་མ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་གནང་ཡོད་པའི་ལྷ་ཁང་དཀར་པོའི་ཉེ་ལོགས་སུ་གྲྭ་ཚང་གི་བཞུགས་གནས་བཏིང་སྟེ་སྤྱི་ལོ ༡༩༨༣ ཟླ ༤ པའི་ཡར་ཚེས ༡༥ ལ་གཞུང་གྲྭ་ཚང་གི་རབ་སྡེ་གསར་བཙུགས་གནང་སྟེ་འཕགས་པའི་དགེ་འདུན་པ ༡༦༨ ལྷག་པ་ཙམ་གྱིས་ཙན་དན་བཀོད་པའི་ཡུལ་དུ་འགྲོ་རྣམས་དགའ་སྐྱིད་ཀྱི་དཔལ་ལ་སྤོངས་སུ་སྤྱོད་པའི་ཆེད་དུ་གཞུང་གི་སྐུ་རིམ་ཞབས་ཏོག་རྣམས་ཅི་ལྕོགས་གང་དྲག་གི་སྒོ་ནས་ཞུ་བཞིན་པ་ཡོད།

ལྷུན་རྩེ་རབ་སྡེ།

lhuentse

ཡུལ་འདིའི་གནས་བདག་ཆུ་མཁར་གྲགས་པས་བསྐུལ་མ་ལྟར་ཡོངས་འཛིན་ངག་གི་དབང་ཕྱུག་གིས་སྤྱི་ལོ ༡༥༥༢ ལོར་གདན་ས་བཏབ་གནང་སྟེ་ཡུལ་མི་རྣམས་ཀྱི་དད་པའི་རྟེན་དུ་གླེང་གླེང་རྫོང་ཟེར་བ་འདི། ཕྱིས་སུ་སྤྱི་ལོ ༡༦༥༤ ལོར་ཞབས་དྲུང་རིན་པོ་ཆེའི་དགོངས་བཞེད་ལྟར་ཆོས་རྒྱལ་མི་འགྱུར་བརྟན་པས་རྫོང་ཁྱམས་དང་བཅས་པ་གསར་བཞེངས་བསྒྲུབས་སྟེ་མཚན་ཡང་ལྷུན་གྲུབ་རིན་ཆེན་རྩེ་རྫོང་དུ་གསོལ་གནང་། དེའི་རྗེས་སྡེ་སྲིད་ཁྲི་རབས་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐབས་སུ་དགེ་འདུན་གྱི་སྡེ་ཆེན་མོ་བཙུགས་གནང་བའི་རྫོང་ཆེན་འདི་ནང་ངོ་མཚར་བའི་ལྷ་ཁང་གྲངས་བཅུ་གཅིག་དང་ནང་རྟེན་གཙོ་བོ་སངས་རྒྱས་ཚེ་དཔག་མེད་གསུང་བྱོན་མས་གཙོས་རྒྱལ་བ་མི་བསྐྱོད་པ་སོགས་བྱིན་བརླབས་ཅན་མང༌པོ༌ཞིག༌དང་། གཞན༌ཡང༌འཕགས་པའི་དགེ་འདུན་པ ༢༨༠ ལྷག་ཙམ་ཞིག་གིས་འགྲོ་རྣམས་བདེ་བར་སྐྱོང་བའི་སྐུ་རིམ་ཞབས་ཏོག་དང་གཞུང་གི་ལས་སྣ་ཁག་གི་ཡིག་ཚང་རྣམས་བཙུགས་ཏེ་མི་སེར་གྱི་དགོས་མཁོ་དང་བསྟུན་ཞབས་ཏོག་འབུལ་བཞིན་པ་ལགས་སོ།།

མོང་སྒར་རབ་སྡེ།

Mongar
ཆོས་རྗེ་མི་ཕམ་བསྟན་པའི་ཉི་མས་བསྟན་དང་འགྲོ་བའི་དོན་དུ་སྤྱི་ལོ ༡༥༧༠ ཙམ་ལ་ཕྱག་བཏབ་གནང་བའི་གཞོང་སྒར་རྫོང་དེ། ཕྱིས་ཆོས་རྒྱལ་མི་འགྱུར་བརྟན་པ་དང་བླ་མ་རྣམ་སྲས་རྡོ་རྗེ དབུ་མཛད་དམ་ཆོས་རབ་རྒྱལ་ རྒྱལ་པོ་དཀར་པོ་དུང་གསུམ་གྱིས་གཞི་ནས་གསར་སློང་མཛད། དེའི་རྗེས་ཉམས་སྐྱོན་ཞུགས་པ་དེ་རྫོང་དཔོན་བཱ་བུ་བཀྲ་ཤིས་ཀྱི་སྐབས་ད་ལྟའི་རྫོང་ཡོད་སར་སྤྱི་ལོ ༡༩༥༤ ལོར་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་ནང་རྟེན་གྱི་གཙོ་བོ་མེ་འབར་མཚོ་ནས་གཏེར་དུ་བཞེས་པའི་རྡོ་རྗེ་འཆང་གི་སྐུ་འདྲ་དང་གཞན་ཡང་བྱིན་ཅན་གྱི་ལྷ་ཁང་དྲུག་ཙམ་དུ་བཞུགས་ཡོད་། ལྷག་པར་མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་སྐྱབས་རྗེ་ཁྲི་རབས་དྲུག་ཅུ་རེ་ལྔ་པ་ཡེ་ཤེས་སེང་གེ་རྣམ་གཉིས་ཀྱི་ཞབས་ནས་རབ་སྡེའི་གསར་བཙུགས་གནང་སྟེ་ད་ལྟ་འཕགས་པའི་དགེ་འདུན་པ ༣༠༠ ལྷག་ཙམ་གྱིས་བསྟན་པའི་པད་ཚལ་ཡོངས་སུ་རྒྱས་པ་དང་། རྫོང་ཁག་གི་ཡིག་ཚང་རྣམས་བཙུགས་ཏེ་མི་སྡེའི་ཞབས་ཏོག་སྒྲུབ་བཞིན་པ་ཡོད།

སྤ་རོ་རབ་སྡེ།

paro_dzong
ཕ་ཇོ་འབྲུག་སྒོམ་ཞིག་པོའི་གདུང་རབས་ལས་ཧཱུཾ་རལ་བླ་མ་རྣམས་ལས་རྫོང་གཞི་སའི་འོས་སུ་གྱུར་པ་ཧཱུཾ་རལ་བྲག་སྟེང་རྫོང་རྙིང་དང་བཅས་པ་དེ་དད་པས་དཔལ་ལྡན་འབྲུག་པའི་ཆོས་གཞིར་ཕུལ་བའི་རྐྱེན་གྱིས་སྤྱི་ལོ ༡༦༤༤ རབ་བྱུང ༡༡ པའི་མེ་ཁྱི་ལོར་ལྟོ་འཕྱེ་བརྟག་པ་དང་བགེགས་བསྐྲད་པ་སོགས་རྫོང་གསར་བཞེངས་ཀྱི་མཛད་སྒོ་ཚང་བར་མཛད་དེ་འགོ་འཛུགས་ནས་རིང་པོ་མ་ལོན་པར་ལེགས་པར་བསྒྲུབས། རྫོང་དེ་ནོར་བུ་རིན་ཆེན་སྤུངས་པ་དང་འདྲ་བར་སྣང་བས་མཚན་ཡང་རིན་ཆེན་སྤུངས་རྫོང་དུ་གསོལ། ད་ལྟ་སྤ་རོ་རབ་སྡེ་གྲྭ་ཚང་གི་བླ་མ་གནས་བརྟན་གྱི་གཙོས་འཕགས་པའི་དགེ་འདུན་པ ༤༠༠ ཙམ་གྱིས་རྒྱལ་སྤྱིའི་སྐུ་རིམ་བསྒྲུབ་རྒྱུའི་གནས་དང་ལས་ཀྱིས་འབྲེལ་བའི་བུ་སློབ་རྣམས་ལ་དམ་པའི་ཆོས་ཀྱི་སྒོ་ནས་ཕན་ཐོག་ཁྱད་པར་ཅན་ཞིག་བསྒྲུབ་པའི་བཞུགས་ཁང་དང་། རྫོང་ཁག་གི་ཡིག་ཚང་ལྟེ་བ་ཡང་རྫོང་འདི་ནང་ཡིན་པས་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་མི་སྡེའི་ཞབས་ཏོག་བསྒྲུབ་པའི་རྫོང་ཆེན་ཞིག་ཡིན་ནོ།།

པདྨ་དགའ་ཚལ་རབ་སྡེ།

pemagatshel
ཆོས་རྒྱལ་དམ་པ་མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ནས་སྤྱིར་འཇིག་རྟེན་གྱི་ཁམས་སུ་བདེ་སྐྱིད་ཀྱི་གཞི་མ་དམ་པའི་ཆོས་ཀྱི་འབྱུང་གནས་དགེ་འདུན་གྱི་སྡེ་དང་སྒོས་ལུང་ཕྱོགས་འདི་ནང་གི་མི་སེར་ཡོངས་ཀྱི་མགོན་སྐྱབས་སུ་ཐུགས་བཞེད་རྒྱ་ཆེར་གནང་སྟེ་སྤྱི་ལོ ༡༩༨༣ ལོར་རྫོང་ཁག་འདིའི་ཆབ་འོག་ཡོངས་ལ་དགོན་པར་དགེ་འདུན་གྱི་སྡེ་གཞི་བཙུགས་གནང་། ཕྱིས་སྤྱི་ལོ ༡༩༧༥ ལོར་པདྨ་དགའ་ཚལ་ལུང་ཕྱོགས་ཀྱི་དོན་དུ་གཞུང་གི་ཕྱག་ལས་གནང་ས་རྫོང་གཞི་ཁྱམས་དང་བཅས་པ་མཐར་འཁྱོལ་བྱུང་བའི་རྫོང་འདི་ནང་སྔར་སྲོལ་བཞིན་དུ་ཆོས་སྲིད་ཀྱི་ཕྱག་ལས་ལྷན་གཅིག་ཏུ་གནང་བའི་དོན་ལ་གྲྭ་ཚང་འདིར་སྤོ་ཤུགས་གནང་སྟེ་བླ་ཚབ་ཞིག་གིས་བསྐྱངས། དེའི་རྗེས་སྤྱི་ལོ༡༩༩༦ ལོར་གཞུང་གྲྭ་ཚང་ནས་གནས་བརྟན་རིམ་པར་བསྐོས་ཏེ་འཕགས་པའི་དགེ་འདུན་པ ༡༣༥ ལྷག་ཙམ་ཞིག་དང་གཞུང་གི་ལས་སྣ་ཁག་གི་ཡིག་ཚང་མཉམ་རུབ་ཀྱི་ཐོག་ནས་དཔལ་ལྡན་འབྲུག་པའི་སྔར་སྲོལ་ལམ་ལུགས་ལེགས་པར་སྐྱོང་བཞིན་པ་ལགས་སོ།།

བསམ་གྲུབ་ལྗོངས་མཁར་རབ་སྡེ།

SamdrupJongkhar Rabdeyམི་དབང་ཆོས་ཀྱི་རྒྱལ་པོ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་ཞབས་ཀྱིས་སྤྱིར་འཇིག་རྟེན་གྱི་ཁམས་སུ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་གོང་དུ་འཕེལ་བའི་ཞལ་གསོས་དང་བྱེ་བྲག་ཡུལ་ཕྱོགས་འདི་ནང་རྐྱེན་ངན་བར་ཆད་སེལ་ཞིང་ལེགས་ལམ་མཐུན་རྐྱེན་སྒྲུབ་པ་དང་ལྷག་པར་རང་རེ་གནོད་འཚེ་ཅན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མཚོན་བྱེད་དུ་རྫོང་གཞི་གསར་དུ་བསྐྲུན་ཏེ་ཕྱི་ནང་ལེགས་པར་བསྒྲུབས་པའི་རྟེན་འབྱུང་དུ་སྤྱི་ལོ ༢༠༠༤ ཟླ་བ་དང་པའི་ཚེས ༡༧ ལ་འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲི་དམ་པ་སྐྱབས་མགོན་རྗེ་མཁན་རིན་པོ་ཆེས་རབ་སྡེ་གསར་བཙུགས་གནང་སྟེ་ད་ལྟ་བླ་མ་གནས་བརྟན་གྱི་གཙོས་བསྟན་པའི་གཞི་མ་འཕགས་པའི་དགེ་འདུན་པ ༡༡༥ ལྷག་ཙམ་གྱིས་ལྷ་ཆོས་དགེ་བ་བདུན་ལྡན་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྒོ་ནས་མི་སྡེའི་ཞབས་ཏོག་འབུལ་བཞིན་པ་ལགས་སོ།།

བསམ་རྩེ་རབ་སྡེ།

Samtse 1ཐོག་མར་འབྲུག་རྒྱལ་གསུམ་པའི་མ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གྱིས་ཡོན་སྦྱོར་མཛད་དེ་སྤྱི་ལོ ༡༩༧༠ ཙམ་ནས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཞབས་ཀྱིས་ལྷ་ཁང་ནང་རྟེན་དང་བཅས་པ་ལེགས་པར་གསར་བཞེངས་གནང་། ཕྱིས་སྤྱི་ལོ ༡༩༨༦ ལོར་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་རྗེ་མཁན་ཁྲི་རབས་དྲུག་ཅུ་རེ་བརྒྱད་པ་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོད་ཡོན་རྣམ་གཉིས་ཐུགས་དགོངས་གཅིག་སྒྲིལ་གྱིས། བསྟན་འགྲོའི་མཐའ་དོན་དང་རྒྱལ་ཁབ་ཀྱི་ཞི་བདེ་ལ་དགོངས་ཏེ་རབ་སྡེའི་བླ་མ་གནས་བརྟན་རིམ་པར་བསྐོས་ཏེ་འཕགས་པའི་དགེ་འདུན་པ ༢༤༠ ལྷག་ཙམ་གྱིས་དཔལ་ལྡན་འབྲུག་པའི་བསྟན་པའི་རྩ་བ་ཕྱོགས་མཐར་ཆོས་གྲྭའི་ཡལ་ག་ཕུན་སུམ་ཚོགས་པའི་དཔལ་འཛིན་བཞིན་པ་ལགས་སོ།།

གསར་སྤང་རབ་སྡེ།

Sarpangསྔོན་སྤྱི་ལོ ༡༩༨༡ ཙམ་ལ་བླ་མ་ཐེར་ཅུང་ལགས་ཞེས་པས་ལྷ་ཁང་ཞིག་བརྒྱབས་ཏེ་གྲྭ་པ་ཁ་ཤས་ཞིག་བཙུགས་ཡོད་པ་དེ། ཕྱིས་གཞུང་ཞབས་ལས་ཡུལ་ཁམས་འདིའི་ཕྱོགས་ཀྱི་རྐྱེན་སེལ་མཐུན་སྒྲུབ་དང་། རྒྱལ་བསྟན་གོང་དུ་འཕེལ་བའི་གསོས་སུ་དགོངས་ཏེ་སྤྱི་ལོ ༡༩༩༣ ལོར་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ཞབས་ནས་གནས་བརྟན་རིམ་པར་བསྐོས་ཏེ་རབ་སྡེ་གྲྭ་ཚང་དུ་གནས་བསྒྱུར་མཛད་ཅིང་། རབ་སྡེའི་དབྱར་གྱི་བཞུགས་གནས་འཇིགས་མེད་ཆོས་གླིང་ཞེས་པའང་གཞུང་ཞབས་ནས་ལེགས་པར་བཞེངས་གནང་བའི་བཀའ་དྲིན་ལ་བརྟེན་ཏེ་འཕགས་པའི་དགེ་འདུན་པ ༡༥༠ ལྷག་ཙམ་གྱིས་དཔལ་ལྡན་འབྲུག་པའི་ཆོས་ཀྱི་ཆར་རྒྱུན་མི་ནུབ་སྲིད་མཐའི་བར་དུ་གནས་པའི་དཔལ་འཛིན་བཞིན་པ་ལགས་སོ།།

བཀྲ་ཤིས་སྒང་རབ་སྡེ།

tashigang (1)
མཐུ་ཆེན་ཆོས་ཀྱི་རྒྱལ་པོ་བླ་མ་ངག་དབང་རྣམ་རྒྱལ་དཔལ་བཟང་པོའི་ཐུགས་ཀྱི་དགོངས་བཞེད་ལྟར་སྤྱི་ལོ ༡༦༥༥ ཆོས་རྒྱལ་མི་འགྱུར་བརྟན་པས་སྐུ་དྲུང་པད་དཀར་ཆོས་འཕེལ་ལ་བཀའ་གནང་སྟེ་ཤར་ཕྱོགས་འཁོར་ལོ་རྩིབ་བརྒྱད་ཀྱི་གདན་ས་ལྟེ་བ་ཞིག་ཏུ་བཞེངས་གནང་བའི་རྫོང་འདིའི་ནང་རྟེན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་འདྲ་གསུང་བྱོན་མ་དང་གཞན་ཡང་སྡེ་སྲིད་ཁྲི་རབས་བཞི་པས་མགོན་ཁང་ཆེན་མོ་གསར་བཞེངས་གནང་སྟེ་བྱིན་རླབས་ཅན་གྱི་ནང་རྟེན་ཁྱད་དུ་འཕགས་པ་རྣམས་བཞུགས་ཡོད་རུང་ཉམས་སུ་ཤོར་བས། སྤྱི་ལོ ༢༠༡༤ ལོར་མི་དབང་ཆོས་ཀྱི་རྒྱལ་པོའི་བཀའི་གནང་བ་བཞིན་གཞུང་ཞབས་ནས་ཉམས་གསོ་ཞུ་བཞིན་པ་ཡོད་པའི་རྫོང་འདི་ནང་འཕགས་པའི་དགེ་འདུན་པ ༢༨༠ ལྷག་ཙམ་དང་རྗོང་ཁག་གི་ཡིག་ཚང་ལྟེ་བ་རྣམས་གཞི་བཙུགས་གནང་སྟེ་མི་སྡེའི་ཞབས་ཏོག་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་ཞུ་བཞིན་པ་ལགས་སོ།།

བཀྲ་ཤིས་གཡང་རྩེ་རབ་སྡེ།

Trashiyangtse-Dzonདུས་རབས ༡༤ པའི་ནང་གཏེར་སྟོན་པདྨ་གླིང་པས་གདན་ས་བཏབ་གནང་སྟེ་བྱིན་རླབས་ཅན་གྱི་གནས་ཡུལ་ཞིག་ཏུ་གྱུར། ཕྱིས་སྡེ་སྲིད་ཁྲི་རབས་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཞབས་ལས་རྒྱ་བསྐྱེད་རྒྱ་ཆེར་གནང་བའི་དོང་སྟེར་རྫོང་འདིར། སྤྱི་ལོ ༡༩༧༥ ལོར་འབྲུག་མི་ཡོངས་ཀྱི་སྤྱི་ནོར་དམ་པ་མི་དབང་འབྲུལ་རྒྱལ་བཞི་པའི་ཞབས་ནས་ཉམས་གསོ་ཞུས་ཏེ་སྤྱི་ལོ ༡༩༩༩ ལོར་ད་ལྟ་འཚོ་ཞིང་བཞེས་པ་རྗེ་མཁན་ཁྲི་རབས་བདུན་ཅུ་པས་བླ་མ་གནས་བརྟན་རིམ་པརབསྐོས་ཏེ་འཕགས་པའི་དགེ་འདུན་པ ༡༤༥ ལྷག་ཙམ་གྱིས་རྒྱལ་བློན་འབང་གསུམ་ཐམས་ཅད་བདེ་བའི་དཔལ་ལ་ལོངས་སུ་རོལ་པའི་ཆེད་དུ་སྐུ་རིམ་ཞབས་ཏོག་བསྒྲུབ་སའི་གནས་དང་། རྟེན་གྱི་གཙོ་འཕགས་པ་བཅུ་གཅིག་ཞལ་གྱི་ལྷ་ཁང་གིས་གཙོས་ནང་རྟེན་བྱིན་རླབས་ཅན་མང་པོ་བཞུགས་ཡོད།

ཀྲོང་གསར་རབ་སྡེ།

14th-Semtember-2007-352སྔོན་དུས་རབས་བཅུ་དྲུག་པའི་ནང་ཡོངས་འཛིན་ངག་གི་དབང་ཕྱུག་དང་ཡབ་མི་ཕམ་བསྟན་པའི་ཉི་མས་གདན་ས་ཕྱག་བཏབ་སྟེ་སྒྲུབ་སྡེ་བཙུགས་སའི་གནས་འདིར། སྐྱབས་མགོན་བླ་མ་དམ་པ་ཞབས་དྲུང་རིན་པོ་ཆེའི་བཀའ་སློབ་སྤྱི་བོར་འཁུར་ནས་སྤྱི་ལོ ༡༦༤༤ ལོར་ཆོས་རྗེ་མི་འགྱུར་བརྟན་པས་འགྲོ་བ་ལྷ་མིའི་མཆོད་སྡོང་དམ་པ་བཀོད་ལེགས་ལ་ཡིད་དུ་འོང་བ་ཞིག་ཏུ་བཞེངས་པའི་བཀའ་དྲིན་མཛད། རྫོང་དེ་དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་རབས་དང་པ་གོང་ས་ཨོ་རྒྱན་དབང་ཕྱུག་དང་ཡབ་རྗེ་འཇིགས་མེད་རྣམ་རྒྱལ་དཔལ་བཟང་པོ་རྣམ་གཉིས་ཀྱི་སྐུ་རྫུ་འཕྲུལ་གྱིས་སྒྱུ་རྩལ་འགྲན་པའི་གནས གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྲིད་ཀྱི་མངའ་དབང་བསྒྱུར་བའི་རྫོང་གཞི་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད་ད་ལྟའི་བར་དུའང་ཆོས་རྩེ་དཔོན་སློབ་ཀྱི་གདན་ས་དང་། ཀྲོང་སར་རབ་སྡེའི་དགེ་འདུན་པ ༥༥༠ ལྷག་ཙམ་གྱིས་དཔལ་ལྡན་འབྲུག་པའི་བསྟན་པའི་སྲི་ཞུ་བླ་ལྷག་ཏུ་མཛད་བཞིན་པ་དང་གཞུང་གི་ཡིག་ཚང་ཁག་གིས་མི་སྡེའི་ཞབས་ཏོག་དུས་ཐོག་ཏུ་འབུལ་བཞིན་པ་ལགས་སོ། །

རྩི་རང་རབ་སྡེ།

Tsringསྔོན་དུས་བླ་མ་ཀུན་ལེགས་རྡོ་རྗེ་མཆོག་ནས་གྲྭ་ཚང་ལྷན་ཚོགས་ཀྱི་ཞབས་སུ་ལུང་ཕྱོགས་འདི་ནང་རབ་སྡེ་གྲྭ་ཚང་བཙུགས་དགོས་པའི་སྙན་གསན་ཕབ་པ་ལྟར། སྤྱི་ལོ ༡༩༨༥ ལོར་དགེ་འདུན་གྱི་སྡེ་གཞི་བཙུགས་གནང་། ཕྱིས་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་སྤྱིར་སངས་རྒྱས་པའི་ཞབས་ཏོག་སྒོས་ལུང་ཕྱོགས་ཀྱི་མཐའ་དོན་ལ་དགོངས་ཏེ་སྤྱི་ལོ ༡༩༨༩ ཟླ་བ ༩ པ་ཙམ་ནས་རྫོང་གསར་བཞེངས་ཀྱི་རྨང་གཞི་བཏིང་སྟེ་ལོ་ངོ་བདུན་གྱི་བར་ལེགས་པར་བསྒྲུབས་པའི་དགའ་སྟོན་ཡང་རྒྱལ་བ་ལྷ་ལས་འབབས་པའི་དུས་ཆེན་དང་འབྲེལ་སྐྱབས་མགོན་ཁྲི་རབས་དྲུག་ཅུ་རེ་དགུ་པ་སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་དང་རྡོར་སློབ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་རྣམ་གཉིས་ཀྱིས་བཀྲ་ཤིས་པའི་རབ་གནས་ཀྱི་བཀའ་དྲིན་མཛད། ཐོག་མཐའ་བར་གསུམ་རྣམས་སུ་ཆོས་ལོང་སྤྲུལ་གསུམ་གྱི་ལྷ་ཁང་དང་འཕགས་པའི་གནས་བརྟན་བཅུ་དྲུག་སོགས་ཀྱི་བཞུགས་ཁང་། ལྷག་པར་རབ་སྡེ་གནས་བརྟན་གྱི་གཙོས་དགེ་འདུན་པ ༡༡༥ ལྷག་ཙམ་གྱིས་ཆོས་ཕྱོགས་ཀྱི་ལས་མོ་བཏིང་བའི་གཞི་མ་དང་། ལོ་བསྟར་ཚེས་བཅུ་སོགས་དུས་དང་དུས་སུ་མི་སེར་གྱི་ཞབས་ཏོག་འབུལ་བཞིན་པ་ལགས་སོ།

དབང་འདུས་ཕོ་བྲང་རབ་སྡེ།

Wangdue-Dzong-2

དཔལ་ཡེ་ཤེས་མགོན་པོའི་ལུང་བསྟན་ལྟར་སྤྱི་ལོ ༡༦༣༨ ས་ཕོ་སྟག་ལོ རབ་བྱུང ༡༡ པ་ལ་དཔལ་ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བའི་ཞབས་ཀྱིས་རི་བོ་གླང་ཆེན་ཉལ་བ་འདྲ་བའི་གཉའ་བར་རྫོངས་བཞེངས་པའི་ལས་སྣ་བརྩམ་པའི་སྐབས་ཉི་མར་ཤར་དར་རྒྱས་ཀྱི་སྐྱ་སེར་རྣམས་དང་ནུབ་མོར་དངོས་མེད་གཞིའི་བདག་པོ་རྣམས་ཀྱིས་རུབ་ནས་ལོ་ངོ་གཅིག་གི་མཚམས་སུ་བསྒྲུབས་ཏེ་སྨན་ལྗོངས་ནགས་མའི་ཞིང་དུ་ཆོས་སྲིད་ཀྱི་མངའ་ཐང་སྟོབས་འབྱོར་རྒྱས་ཏེ་གཞན་མི་མཐུན་པའི་དགྲ་རྣམས་དབང་དུ་འདུས་པའི་རྫོང་གཟི་བརྗིད་ཅན་ཞིག་ཡིན་ཀྱང་། སྤྱི་ལོ ༢༠༡༢ ཆུ་ཕོ་འབྲུག་ལོ རབ་བྱུང ༢༡ པ་དབྱིན་ཟླ ༦ དབྱིན་ཚེས ༢༤ ལ་མེ་སྤུར་བཞེས་པའི་རྐྱེན་གྱིས་ཕྱིའི་བཀོད་པ་རྣམས་ཉམས་ཡང་བྱིན་རླབས་ཅན་གྱི་ནང་རྟེན་མང་པོ་ཞིག་ལྷོ་འབྲུག་པ་ཡོངས་ཀྱི་དད་པའི་རྟེན་དུ་ཉམས་སྐྱོན་མེད་པར་འབྱོར་བ་མ་ཟད་ཕྱིའི་བཟོ་བཀོད་རྣམས་ཀྱང་ད་ལྟ་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ཞབས་ནས་ཉམས་གསོའི་ལས་མོ་བཏིང་སྟེ་སྔོན་གྱི་བཟོ་བཀོད་ལས་ཀྱང་ངོ་མཚར་བ་ཞིག་ཏུ་བཞེངས་དང་བཞེངས་བཞིན་པར་ཡོད་པའི་རྫོང་ཆེན་འདི་ནང་བསྟན་པའི་ཞབས་འདེགས་སུ་འཕགས་པའི་དགེ་འདུན་བཞི་བརྒྱ་ལྷག་ཙམ་བཞུགས་ཡོད།

གཞལ་སྒང་རབ་སྡེ།

Zhemgang
དཔལ་འབྲུག་པ་རིན་པོ་ཆེའི་ཐུགས་དགོངས་ལྟར་རབ་བྱུང ༡༡ པའི་མེ་ཁྱི་སྤྱི་ལོ ༡༦༤༦ ལོར་སྤྱི་བླ་མི་འགྱུར་བརྟན་པས་དབུ་སྣ་འདྲེན་ཏེ། བླ་མ་རྣམ་སྲས་རྡོརྗེ་དང་དབུ་མཛད་དམ་ཆོས་རབ་རྒྱལ སྐུ་དྲུང་དཔལ་དཀར་ཆོས་འཕེལ་གསུམ་གྱིས་དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་པའི་ཆེད་དུ་དམིགས་ཏེ་རབ་བྱུང ༡༡ ཤིང་མོ་ལུག་ལོ་སྤྱི་ལོ ༡༦༥༥ ལོར་རྫོང་གཞི་ཕྱག་བཏབ་གནང་། ཕྱིས་གཞལ་སྒང་རྫོང་དཔོན་འཕྲིན་ལས་རྣམ་རྒྱལ་ནས་ཉམས་གསོ་མཐིལ་ཕྱིན་ཞུས་པའི་རྗེས་སུ། སྤྱི་ལོ ༡༩༦༦ ལ་སྐྱབས་མགོན་དམ་པ་ཡེ་ཤེས་སེང་གེ་མཆོག་དང་མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོརྗེ་དབང་ཕྱུག་རྣམ་གཉིས་ཐུགས་དགོངས་གཅིག་འདྲེས་སུ་རབ་སྡེ་གསར་བཙུགས་གནང་སྟེ་འཕགས་པའི་དགེ་འདུན་པ ༢༡༢ ལྷག་ཙམ་གྱིས་སྤྱིར་འཇིག་རྟེན་གྱི་ཁམས་སུ་ཕན་བདེའི་གཞི་མ་སྟོན་པའི་དམ་ཆོས་རྣམ་པར་གསལ་བའི་ཞལ་གསོས་དང་བྱེ་བྲག་ཡུལ་ཕྱོགས་འདི་ནང་ལོ་ཕྱུགས་ལེགས་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་རིམ་ཞབས་ཏོག་སྒྲུབ་བཞིན་པ་དང། ཡང་དགོས་ཁེངས་རིགས་རྣམ་གསུམ་གྱི་མི་རིགས་ཡོངས་ཀྱི་དོན་དུ་གཞུང་གི་ལས་སྣ་ཁག་གི་ཡིག་ཚང་ཡང་འདི་ནང་བཙུགས་ཏེ་ཡོད།


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.