སྒྲུབ་སྡེ།

སྒྲུབ་སྡེ་ལྟེ་བ་ལྕགས་རི་རྡོ་རྗེ་གདན།

cheri

འཛམ་གླིང་ས་ཡི་དབུས་འགྱུར་འཆང་ཙན་དན་ནགས་མ་རྒྱས་པའི་ལྗོངས་འདིར་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་རྣམས་དང་། སྒོས་སུ་དཔལ་ལྡན་འབྲུག་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་གདུལ་བྱའི་ཞིང་དུ་བདག་གིར་བཞེས་པ། དཀར་བརྒྱུད་བསྟན་པའི་གསལ་བྱེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རང་ལུགས་དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཕ་ཆོས་སྡོང་པོ་གསུམ་འདྲིལ་སོགས་ཉམས་བཞེས་མཛད་དེ་སྒྲུབ་པའི་རྒྱལ་མཚན་དགུང་དུ་འཕྱུར་བའི་བསྟི་གནས་ཙཱ་རི་གཉིས་པ་ལྕགས་རི་མི་འགྱུར་རྡོ་རྗེ་གདན་ཞེས་བྱ་བ་དེ་ཡང་སྔོན་དུས་རབས ༡༧ པའི་ནང་སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱིས་རབ་བྱུང ༡༠ པའི་གནམ་ལོ་ལྕགས་སྤྲེལ་ལོའམ་སྤྱི་ལོ ༡༦༢༠ ལོར་ཕྱག་བཏབ་སྟེ་རང་རེ་དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུགས་གཉིས་ཀྱི་འཁོར་ལོས་མངའ་དབང་བསྒྱུར་ཏེ་བསྟན་རྩ་དགེ་འདུན་གྱི་སྡེ་ཐོག་མར་གསར་བཙུགས་གནང་བར་མཛད། ཕྱིས་སུ་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སྤྲུལ་པའི་རོལ་གར་རྗེ་བཙུན་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེའི་ཞབས་ཀྱིས་ངེས་དོན་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་གསལ་བར་མཛད་པའི་སྒྲུབ་པའི་སྡེ་ཆེན་མོ་བཙུགས་ཏེ་སྐྱབས་རྗེ་རྡོ་རྗེ་འཆང་རང་ཉིད་ནས་སྐལ་ལྡན་གྱི་བུ་སློབ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དང་འགོད་བཞིན་པར་བཞུགས་ཡོད།

གྲོ་ལུང་གསང་སྔགས་ཆོས་གླིང་སྒྲུབ་སྡེ།

རྗེ་བླ་མ་མཁས་དབང་དགེ་འདུན་རིན་ཆེན་དཔལ་བཟང་པོ་མཆོག་རྟ་མགོར་བཤད་སྒྲུབ་གཉིས་ཀྱི་དབུ་ཁྲི་མཛད་དེ་བཞུགས་པའི་དུས་སྐབས་སུ་ཐོ་རང་ཐུགས་དམ་འོད་གསལ་གྱི་འཆར་སྣང་ལ། སྔོན་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བའི་སྐྱེ་བ་བཞེས་ཏེ་བཞུགས་པའི་བག་ཆགས་སད་དེ། རྟ་མགོའི་མདུན་དུ་ཡོད་པའི་གྲོ་ལུང་གི་རིར་གཟིགས་པའི་སྐབས། རི་རྩེར་སྤྲིན་དཀར་པོའི་གུར་དུ་ཕུབས་པ་དང་ལྗོན་ཤིང་སྣ་ཚོགས་ཀྱི་ཕྲེང་བ་འཁྲིགས་པའི་བར་སེབ་ན་ངོ་མཚར་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གསལ་བར་གཟིགས་པས། ལྷ་དང་མཁའ་འགྲོའི་ལུང་བསྟན་པ་མ་ཟད་གནས་འདིའི་བདག་པོ་གླང་བྲག་གིས་གཙུག་ལག་ཁང་བཞེངས་དགོས་པའི་ཞུ་བ་ཕུལ་བ་བཞིན། སྤྱི་ལོ ༡༩༧༠ ལོར་ས་བསླང་རྟེན་འབྲེལ་གྱི་ལས་སྣ་འགོ་འཛུགས་ཏེ་རྟ་མགོའི་སློབ་མ་རྣམས་ཀྱི་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་གཙུག་ལག་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་དུ་བསྒྲུབས་པའི་རབ་གནས་དང་འབྲེལ། ཡང་དབེན་བསྟན་འཛིན་གྱི་སྐྱེ་བུ་རྣམས་ཐུགས་བསམ་གཏན་གྱི་ངང་དུ་གཞོལ་བའི་སྒྲུབ་གནས་གསང་སྔགས་ཆོས་གླིང་ཡང་གསར་བཙུགས་གནང་སྟེ་འགྲོ་བ་ལྷ་མིའི་མཆོད་པའི་ཞིང་དུ་ལྷམ་མེར་བཞུགས་ཏེ་མཐོང་ཐོས་དྲན་རེག་ཐམས་ཅད་ས་ལམ་གྱི་གོ་འཕང་ལ་བཀོད་དང་འགོད་བཞིན་པར་བཞུགས་ཡོད་པ་ཀུན་གྱི་མཐོང་སྣང་དུ་གསོལ།

དཔལ་གྱི་རི་སྒྲུབ་སྡེ།

སྐྱབས་མགོན་བླ་མ་དམ་པ་རྗེ་བཙུན་བསྟན་འཛིན་དོན་གྲུབ་དཔལ་བཟང་པོ་མཆོག་གདན་ས་ལྕགས་རི་ཆོས་ཀྱི་གཡེའི་དགོན་པར་སྒྲུབ་པའི་བསྟན་པ་རི་རྒྱལ་ལྷུན་པོའི་ཕྲག་པ་ན་ཉི་མའི་དཀྱིལ་འཁོར་གྱིས་འཇིགས་རྟེན་གྱི་ཁམས་སུ་རང་འོད་རང་དུ་ངོམས་ཏེ་སྣང་བའི་རང་བཞིན་དུ་གྱུར་པ་བཞིན་འགྲོ་བ་སེམས་ཅན་གྱི་དཔལ་དུ་རྣམ་པར་ངོམས་ཏེ་གཅེས་སྤྲས་གནང་བར་མཛད་ཅིང་བཞུགས་སྐབས། ཐོ་རངས་འོད་གསལ་གྱི་ངང་ལ་རིན་ཆེན་སྣ་བཞིའི་ཚོམས་བུ་བཀོད་པ་དང་འདྲ་བའི་དབེན་གནས་འདིར་སྒྲུབ་པའི་སྡེ་འཛུགས་ན་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་རྟེན་འབྲེལ་ལ་གཟིགས་ནས་ད་ལྟ་དཔལ་གྱི་རི་ཞེས་བྱ་བའི་སྒྲུབ་པའི་བསྟི་གནས་གསར་བཙུགས་གནང་སྟེ་རང་ལྟོས་ཀྱི་སློབ་མ་རྣམས་ལ་བསྐྱེད་རིམ་ལྷ་དགུ་དང་རྫོགས་རིམ་ཟབ་ཁྲིད་ལྔ་སོགས་སྨིན་གྲོལ་གྱི་དམས་པ་གནང་ནས་ཐབས་ཤེས་ཟུང་འཇུག་གི་གོམ་པ་རིམ་གྱིས་འདོར་ནས་གསང་ཆེན་ཐེག་པའི་ལམ་ལ་རིམ་གྱིས་བགྲོད་པའི་ཡོན་ཏན་ཁྱད་པར་ཅན་གྲུབ་པ་སོགས་ཀྱི་བསྟན་པ་དང་འགྲོ་བའི་དོན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།

བྲག་ཁྱུང་དཀར་མོ་ཨ་ཎིའི་སྒྲུབ་སྡེ།

རབ་བྱུང་བཅུ་གཅིག་པའི་མཚམས་སུ་ཆོས་རྗེ་ངག་དབང་པད་དཀར་མཆོག་ནས་གདན་ས་ཕྱག་བཏབ་གནང་སྟེ་གྲུབ་ཐོབ་ངག་དབང་བསམ་གཏན་གྱིས་ཨ་ཎིའི་སྡེ་བཙུགས་ཏེ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བླ་ན་བཏེགས་པར་མཛད། ཕྱིས་སྤྱི་ལོ ༡༩༩༧ ལ་ཨ་ཎིའི་སློབ་དཔོན་དཔལ་སྒྲོན་མཆོག་ཞིང་གཞན་དུ་གཤེགས་པས་བསྟན་པར་ཉམས་རྒུད་ཆེན་པོ་བྱུང་སྟེ། དེང་སང་སྤུང་ཐིམ་གཞུང་གྲྭ་ཚང་གི་བདག་སྐྱོང་གནང་ཞིང་གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཆོས་གླིང་གི་ཆ་ཤས་སུ་ཐོ་བཀོད་མཛད་དེ་ཨ་ཎི་བཅུ་ཕྲག་གཅིག་ལྷག་ཙམ་གྱིས་ཕྱག་ཆེན་སྔོན་འགྲོ་ནས་བཟུང་དཔལ་ལྡན་འབྲུག་པའི་ཕ་ཆོས་སྡོང་པོ་གསུམ་འདྲིལ་གྱི་གདམས་པ་ཉམས་བཞེས་གནང་བཞིན་པར་ལགས་སོ།།

རྟ་མགོ་སྒྲུ་སྡེ་ངེས་དོན་ཟུང་འཇུག་གྲུབ་པའི་དགའ་ཚལ།

ཐུབ་པའི་རྒྱལ་ཚབ་རྗེ་མཁན་ཁྲི་རབས ༦༥ པ་འཇམ་དབྱངས་ཡེ་ཤེས་སེང་གེ་ཞབས་ཀྱིས་སྤྱི་ལོ ༡༩༦༦ གནམ་ལོ་མེ་རྟ་ལོའི་ཟླ་དགུ་པའི་ཚེས ༡༥ དགེ་བའི་ཉིན་སྙིགས་དུས་བསྟན་པའི་བཀའ་བབ་རྗེ་བཙུན་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེར་བསྔགས་པ་གང་ཉིད་སྒྲུབ་སྡེའི་སློབ་དཔོན་དུ་བསྐོས་ནས་སྒྲུབ་སྡེ་ཐོག་མར་གསར་འཛུགས་མཛད་དེ་དཔལ་ལྡན་འབྲུག་པའི་ལུགས་ཀྱི་སྨིན་བྱེད་དབང་གི་རིམ་པ་དང་། གྲོལ་ལམ་ཁྲིད་གཞུང་ལས་ཐོག་མར་ཞུ་ཆེན་བསྟན་པ་རིན་ཆེན་གྱིས་མཛད་པའི་སྔོན་འགྲེལ་གྱི་ཐོག་ནས་བཀའ་ཁྲིད་ལྷུག་པར་བསྩལ་ཏེ་བསགས་སྦྱང་གིས་རྒྱུད་སྣོད་དུ་རུང་བར་བྱས་ནསབསྐྱེད་རིམ་ལྷ་དགུའི་དམིགས་ཁྲིད་དང་རྫོགས་རིམ་བཀའ་རྒྱ་ཅན་ལྔའི་གདམས་པ་གསེར་གྱི་ཡང་ཞུན་ལྟ་བུ་རྒྱུན་ཆགས་སུ་བཏབ་སྟེ་རང་རང་ལས་སྨོན་གྱིས་འབྲེལ་བའི་གདུལ་བྱ་རྣམས་ཀྱིས་རྣལ་འབྱོར་ལ་བརྩོན་དང་བརྩོན་བཞིན་པའི་ངང་ནས་བསྟན་པའི་ཞབས་འདེགས་བླ་ན་མེད་པར་གྱུར་པ་ནི་ཀུན་གྱིས་མཁྱེན་གསལ་ཆེའོ།། 

ཡང་དབེན་རྗོང་ཁའི་སྒྲུབ་སྡེ།

དཔལ་ལྡན་འབྲུག་པའི་གདུང་རབས་དྲི་མ་མེད་པ་ལས་བྱོན་པའི་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་གདུང་སྲས་ངག་དབང་བསྟན་འཛིན་མཆོག་གིས་རབ་བྱུང ༨ པའི་མཚམས་སུ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལུང་བསྟན་དང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་ཡི་དམ་རྡོ་རྗེ་ཕག་མོ་རང་བྱོན་གྱི་གནས་སུ་གདོད་ནས་ལྷུན་གྱི་གྲུབ་པ་ཉིད་དུ་གཟིགས་ཤིང་གནས་སྒོ་ཐོག་མར་ཕྱེ་བར་མཛད། དེ་ལས་རིམ་བཞིན་སྡེ་སྲིད་བཞི་པ་བསྟན་འཛིན་རབ་རྒྱས་མཆོག་གནས་འདིར་སྒོམ་སྒྲུབ་ལ་གཞོལ་ཏེ་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས་པར་མཛད། ཕྱིས་སུ་དཀར་བརྒྱུད་ཀྱི་དབུ་འཕང་མཐོ་བའི་རྟོགས་པའི་སྡེ་ཆེན་པོར་ཆགས་པའི་སྨོན་འདེབས་ཡང་ཡང་གནང་། ལྷག་པར་དཔལ་ལྡན་འབྲུག་པའི་གདམས་ངག་གི་མཛོད་འཛིན་རྡོ་རྗེ་འཆང་དབང་རྗེ་བཙུན་བསྟན་འཛིན་དོན་གྲུབ་ཞབས་ཀྱིས་སྒྲུབ་སྡེ་ཆེན་མོ་བརྗིད་ཆགས་པ་སྐྱིད་པའི་ཉམས་དང་ལྡན་པ་ཞིག་གསར་བཙུགས་མཛད་དེ་ཆོས་ལ་འདོད་གཉེར་ཅན་གྱི་སློབ་མ་རྣམས་དེར་ཕྱིན་པ་ཙམ་གྱིས་དད་པ་དང་མོས་གུས་རང་དབང་མེད་པར་འཁྲུངས་ཤིང་ཏིང་ངེ་འཛིན་གྱི་ཡོན་ཏན་ངང་གི་འཕེལ་བ་ལ་སོགས་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན་ནོ།།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.