ཨ་ཎི་སྡེ།

བྲག་ཁྱུང་དཀར་མོ་ཨ་ཎི་སྒྲུབ་སྡེ།

Jachungkarmo ani Drupdeyརབ་བྱུང་བཅུ་གཅིག་པའི་མཚམས་སུ་ཆོས་རྗེ་ངག་དབང་པད་དཀར་མཆོག་ནས་གདན་ས་ཕྱག་བཏབ་གནང་སྟེ་གྲུབ་ཐོབ་ངག་དབང་བསམ་གཏན་གྱིས་ཨ་ཎིའི་སྡེ་བཙུགས་ཏེ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བླ་ན་བཏེགས་པར་མཛད།  ཨིན་རུང་སྤྱི་ལོ་ ༡༩༩༧ ལུ་ཨ་ཎི་སློབ་དཔོན་དཔལ་སྒྲོན་མཆོག་ཞིང་གཞན་དུ་གཤེགས་པས་བསྟན་པར་ཉམས་རྒུད་ཆེན་པོ་བྱུང་སྟེ།  དེང་སང་སྤུངས་ཐིམ་གཞུང་གྲྭ་ཚང་གི་བདག་སྐྱོང་གནང་ཞིང་གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཆོས་གླིང་གི་ཆ་ཤས་སུ་ཐོ་བཀོད་མཛད་དེ་ཨ་ཎི་བཅུ་ཕྲག་ཅིག་ཙམ་གྱིས་ཕྱག་ཆེན་སྔོན་འགྲོ་ནས་བཟུང་དཔལ་ལྡན་འབྲུག་པའི་ཕ་ཆོས་སྡོང་པོ་གསུམ་འདྲིལ་སོགས་ཉམས་བཞེས་གནང་སའི་ལྟེ་བ་ཞིག་ཏུ་གྱུར་ཡོད།

མཇའ་ཤར་འུང་ཨ་ཎི་དགོན་པ།

སྤྱི་ལོ ༡༩༨༥ ཙམ་ལ་མི་ཚེ་དམ་པའི་ཆོས་ཀྱི་འཚོ་བའི་ཚེ་མཚམས་ཨ་ཎི་འོད་ཟེར་ཆོས་སྒྲོན་ནས་ལྷ་ཁང་ཞིག་བརྒྱབ་སྟེ་དགེ་འདུན་བཙུན་མའི་སྡེ་གཞི་བཙུགས་གནང་སྟེ་དམ་པའི་ཆོས་ཀྱི་སྣང་བ་གསར་དུ་གཏོད། ཕྱིས་སུ་ཉམས་ཆག་བྱུང་བའི་དབང་གིས་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེའི་ཞབས་ནས་སྤྱི་ལོ ༢༠༠༢ ལོར་ཉམས་གསོ་མཐིལ་ཕྱིན་ཞུ་གནང་། དེའི་རྗེས་སུ་གཞུང་གྲྭ་ཚང་གིས་རྒྱུན་སྐྱོང་གནང་སྟེ་དགེ་འདུན་བཙུན་མ་རྣམས་ཐོས་བསམ་ལ་བརྩོན་བཞིན་པ་ལགས་སོ།

སྐྱིད་ལ་མགོན་པའི་བཤད་གྲྭ།

kilaརབ་བྱུང་བརྒྱད་པའི་མཚམས་སུ་ཆོས་རྗེ་རྒོད་ཚང་པའི་དངོས་སློབ་ཆོས་རྒྱལ་ནོར་བུ་ཞབས་ཀྱིས་གདན་ས་ཕྱག་བཏབ་གནང་སྟེ་དཔལ་ལྡན་འབྲུག་པའི་གདམས་ངག་སྡོང་པོ་གསུམ་འདྲིལ་གྱི་དམ་པ་གནང་སྟེ་གདུལ་བྱ་སློབ་མ་རྣམས་ས་དང་ལམ་གྱི་རིམ་པ་ལ་བཀོད་པའི་གནས་ཁྱད་པར་ཅན་ཞིག་ཡིན། ཕྱིས་སུ་སྤྱི་ལོ ༢༠༡༠ ལོར་བསྟན་པའི་བདག་པོ་རྗེ་མཁན་ཁྲི་རབས་བདུན་ཅུ་པའི་ཞབས་ནས་ཨ་ཎིའི་མཐོ་རིམ་བཤད་གྲྭ་གསར་དུ་བཙུགས་གནང་སྟེ་རིས་མེད་རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་གནས་པའི་ཐབས་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད།

གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཨ་ཎིའི་མཐོ་རིམ་བཤད་གྲྭ།

Sangchen Dorji Lhendrupགནས་འདི་ཁར་སྔོན་བྱོན་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པ་དང་། ལྷག་པར་སྐྱབས་རྗེ་ཁྲི་རབས ༦༩ པ་དགེ་འདུན་རིན་ཆེན་མཆོག་གིས་ལོད་སྦས་སའི་གཞུང་ལམ་ཁར་སྐུ་ངལ་གནང་ཞིང་བཞུགས་པའི་སྐབས་མ་འོངས་པ་ན་ཆོས་སྡེ་ཆེན་པོ་ཞིག་ཆགས་འོང་ཞེས་ལུང་བསྟན་པ་ལྟར། ས་ཕོ་བྱི་ལོ་སྤྱི་ལོ ༢༠༠༨ ཟླ ༧ པའི་ཚེས ༡༡ ལ་ཆོས་ཀྱི་སྦྱིན་བདག་ཆེན་པོ་ཡབ་ཨྱོན་རྡོ་རྗེ་མཆོག་གིས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཏེ་བཞེངས་པའི་དགའ་སྟོན་ཡང་སྤྱི་ལོ ༢༠༡༠ ལོར་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་དང་འབྲེལ་སྐྱབས་མགོན་རིན་པོ་ཆེ་འཇིགས་མེད་ཆོས་གྲགས་མཆོག་གིས་དབུ་བཞུགས་ཀྱི་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་ཀྱིས་བཀྲ་ཤིས་པའི་རབ་གནས་དང་བསྟུན་ཨ་ཎི་བཤད་གྲྭ་གཞི་བཙུགས་གནང་སྟེ་སྒྲ་པའི་སློབ་དཔོན་སྐུ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་དབུ་འཛིན་དུ་ཕེབས་པ་ནས་བཟུང་དགེ་འདུན་བཙུན་མའི་སྡེ་རྣམས་གཞུང་རིག་གནས་ལ་སྦྱངས་པའི་སྐལ་བ་དང་ལྡན་པ་ཉིད་དུ་གྱུར་ཡོད།

ཤེས་རབ་ཆོས་གླིང་ཨ་ཎི་གྲྭ་ཚང་།

ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་མགོན་རྗེ་མཁན་རིན་པོ་ཆེའི་ཞབས་སུ་སྤྱི་ལོ ༢༠༠༦ ལོར་དད་ལྡན་སྦྱིན་པའི་བདག་པོ་ཞིག་གིས་ས་གཞི་ཡངས་ལ་ཁོད་མཉམ་པ་ཞིག་ཕུལ་བའི་རྐྱེན་ལ་བརྟེན་ནས་དགེ་འདུན་བཙུན་མའི་སྡེ་གཞི་བཙུགས་གནང་། ཡང་སྤྱི་ལོ ༢༠༡༤ ལོར་གཞུང་ཞབས་ནས་གཙུག་ལག་ཁང་དང་གྲྭ་ཤག་དང་བཅས་པ་རྒྱ་བསྐྱེད་གནང་སྟེ་ལྷོ་མཚམས་ཁག་གི་མི་སེར་རྣམས་སྐྱབས་དང་རེ་སའི་སྡོང་པོ་དགེ་འདུན་བཙུན་མ་རྣམས་ཐོས་བསམ་ལ་རོལ་བའི་སྐལ་བ་དང་ལྡན་པ་ཉིད་དུ་གྱུར་ཡོད་པ་ལགས་སོ།། 



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.