རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ཐེངས་བཞི་པ།

IMG_2987སྤྱི་ལོ་༢༠༡༧ སྤྱི་ཟླ་༨ པ་ སྤྱི་ཚེས་༢ ལུ་ དད་ཅན་སྦྱིན་བདག་གཙོ་བོ་ སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བ། རྒྱལ་བ་མདོ་ཁམས་པ།(ཁམས་སྤྲུལ) པད་ཚལ་གླིང་སྤྲུལ་སྐུ། བླམ་ཚེ་རིང་དབང་འདུས། རབ་སྡེ། མཁན་པོ་དགའ་རབ་རྡོ་རྗེ། མཁན་པོ་ཀརྨ་འཇིགས་མེད། བླམ་ཀུན་དགའ་རྒྱལ་མཚན། བླམ་སྐལ་བཟང་ཚུལ་ཁྲིམས། སྤྲུལ་སྐུ་རྡོ་རྗེ་ཐོགས་མེད། མཁན་པོ་བཀྲ་ཤིས་ཆོས་འཕེལ། སངས་རྒྱས་ཆོས་གྲགས་ཚུ་གིས་ ཇི་ལྟར་གསོལ་བ་བཏབ་པའི་ངོར། རྒྱལ་ས་ལྟེ་བ་ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་སྐུ་འདྲའི་མདུན་དུ་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ ཁམས་གསུམ་འགྲོ་བའི་མཆོད་སྡོང་ཆེན་པོ་ ༸སྐྱབས་རྗེ་མཁན་ཆེན་ཁྲི་རབས་བདུན་ཅུ་པ་ སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་དཔལ་བཟང་པོ་མཆོག་གིས་ རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ཐེངས་བཞི་པའི་དངོས་གཞིའི་གསུང་ཆོས་འགོ་བཙུགས་གནང་ཡོད།

IMG_2971ཆོས་ཕྱོགས་ཀྱི་མཛད་རིམ་དེ་ཡང་ སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་ཞི་སྒོ་གཅིག་པུ་ ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ཏེ་ ཡུན་དུ་གནས་ནི་དང། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ སྲིད་པ་དང་ཞི་བའི་སྡུག་བསྔལ་དང་འཇིགས་པ་ལས་གྲོལ་ཏེ་ མྱུར་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་དུ་དང་། སྒོས་སུ་ང་བཅས་རའི་སྨན་ལྗོངས་ཙན་དན་བཀོད་པའི་རྒྱལ་ཁབ་འདི་ ཕྱི་དགྲ་མ་རུངས་པའི་གནོད་འཚེ་དང་ འཐབ་རྩོད་ལས་རྣམ་པར་རྒྱལ་ཞིང་ ནང་ དགའ་སྐྱིད་ཀྱི་དཔལ་ཡོན་དབྱར་གྱི་ཆུ་བོ་ལྟར་འཕེལ་བ་དང་། ཡང་སྒོས་འབྲུག་མི་ཡོངས་ཀྱི་སྤྱི་གཙུག་གི་ནོར་བུ་ལས་ལྷག་པའི་དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོ་སྐུ་འཁོར་དང་བཅས་པ་ སྐུ་ཚེ་ཞབས་པད་བརྟན་པའི་ཁར་ ང་བཅས་རའི་རྒྱལ་ཁབ་ན་སྔོན་ནས་བརྒྱུད་པའི་བཀའ་རྙིང་གི་མཚོན་པའི་ཆོས་སྡེ་ཕན་ཚུན་ ཐུགས་མཐུན་ཁྲིམས་གཙང་མི་ཉམས་གོང་དུ་འཕེལ་ཞིང་ ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན་ གོང་ནས་གོང་དུ་འཕེལ་བའི་རྒྱུ་ལུ་དམིགས་ཏེ་ཡོདཔ་ཨིན་ཟེར་ དད་ཅན་སྦྱིན་བདག་ཚུ་གིས་བཤད་ཅི།

Comments
Updated: November 20, 2017 — 10:05 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.